གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་ཚུ་ནང་ མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་ སྒོ་ཕྱེ་ནི་འགོ་བཙུགས་ཡོདཔ།

༢༨/༡/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པ་གིས་ འདས་པའི་རེས་གཟའ་ཉི་མ་ལས་ འགོ་བཙུགས་ཏེ་ རྫོང་ཁག་ཚུ་ནང་ ཚོགས་པའི་ཡན་ལག་ཡིག་ཚང་ཚུ་ སྒོ་ཕྱེ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཚོགས་པའི་རྫོང་ཁག་མཉམ་འབྲེལ་བ་ཚུ་ཡང་ ངོས་འཛིན་འབད་དེ་ བསྐོ་བཞག་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


ཁ་ཙ་ ཚོགས་པའི་ཁྲི་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ དར་དཀར་ནང་ལུ་ ཚོགས་པའི་ཡན་ལག་ཡིག་ཚང་དེ་ རྫོང་ཁག་ཁྲོམ་ནང་ མ་ལྷོདཔ་ཅིག་ཁར་ ཀི་ལོ་མི་ཊར་༤༥ དེ་ཅིག་ལུ་ གཞི་བཙུགས་འབད་དེ་ ས་གནས་ཀྱི་ཚོང་པ་ བསྟན་འཛིན་རྡོ་རྗེ་དེ་ ཚོགས་པའི་རྫོང་ཁག་མཉམ་འབྲེལ་བ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
བསྟན་འཛིན་རྡོ་རྗེ་གིས་ ཚོགས་པའི་ཁྲི་འཛིན་དང་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ས་གནས་ཀྱི་ ཚོགས་པའི་རྒྱབ་སྐྱོར་བ་ཚུ་དང་ མི་སེར་ཚུ་ དུས་ཅི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྒུག་བཞིན་དུ་ཡོད་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ ཚོགས་པ་ལུ་ ས་གནས་ཀྱི་ མི་མང་ཤོས་ཅིག་གིས་ རྒྱབ་སྐྱོར་འབད་མི་ཐོན་སྟེ་ཡོད་ཟེར་བཀོད་ནུག།
དར་དཀར་ནང་ལུ་ ཚོགས་པའི་ཡིག་ཚང་ སྒོ་མ་ཕྱེ་བའི་ཧེ་མར་ འདས་པའི་རེས་གཟའ་ཉི་མ་ལུ་ ཚོགས་པ་དེ་གིས་ འགོ་དང་པ་ར་ སྤུ་ན་ཁ་རྫོང་ཁག་དང་ དབང་འདུས་ཕོ་བྲང་གི་དོན་ལུ་ ཚོགས་པའི་ཡན་ལག་ཡིག་ཚང་ཚུ་ སྒོ་འབྱེད་འབད་ཡོདཔ་ཨིན་པས།
སྤུ་ན་ཁའི་དོན་ལུ་ ཚོགས་པའི་ཡན་ལག་ཡིག་ཚང་དེ་ ཁུ་རུ་ཐང་ལུ་ སྒོ་ཕྱེ་སྟེ་ དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་བ་འབད་དེ་ ལོ་ངོ་༦ དེ་ཅིག་ལང་ཡོད་མི་ ས་གནས་ཀྱི་ ཁག་འབགཔ་ཅིག་ཨིན་མི་ རིན་ཆེན་གྲུབ་པ་ཟེར་མི་དེ་ རྫོང་ཁག་དེ་ནང་ ཚོགས་པའི་མཉམ་འབྲེལ་བ་སྦེ་ བསྐོ་བཞག་འབད་ནུག།
རིན་ཆེན་གྲུབ་པ་གིས་ ཚོགས་པའི་ཁྲི་འཛིན་ལུ་ སྙན་ཞུ་འབད་མའི་ནང་ རྫོང་ཁག་དེ་ནང་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་མི་ ལེ་ཤ་ཡོདཔ་ལས་ དུས་ཅི་གི་བཙག་འཐུའི་སྐབས་ ཚོགས་པ་གིས་ གྲུབ་འབྲས་ལེགས་ཤོམ་འབྱུང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིནམ་ད་ ཡིག་ཚང་གི་ སྒོ་འབྱེད་རྟེན་འབྲེལ་ཆུང་ཀུ་ཅིག་འབད་མིའི་ནང་ རྫོང་ཁག་དེ་ནང་ཡོད་མི་ ཚོགས་པའི་རྒྱབ་སྐྱོར་བ་༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
དེ་སྦེ་ རྫོང་ཁག་ཚུ་ནང་ ཚོགས་པའི་ཡན་ལག་ཡིག་ཚང་ གཞི་བཙུགས་འབད་ནི་ལུ་ གཙོ་བོར་བཏོན་མི་དེ་ཡང་ བཙག་འཐུ་རནམ་དང་འབྲེལ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་ཚུ་གིས་ རྫོང་ཁག་ཚུ་ནང་ ཡན་ལག་ཡིག་ཚང་གཞི་བཙུགས་འབད་དགོ་པའི་ ཚད་གཞི་ཡོད་མི་དེ་ འགྲུབ་ཐབས་ལུ་ཨིན་ཟེར་ ཚོགས་པའི་ཁྲི་འཛིན་ནམ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཉིནམ་དེ་ལུ་ དབང་འདུས་ཕོ་བྲང་ལུ་ཡང་ ཚོགས་པའི་ཡན་ལག་ཡིག་ཚང་ སྒོ་ཕྱེས་ཡོདཔ་ད་ ཡིག་ཚང་དེ་ནང་ ས་གནས་ཀྱི་ཚོང་པ་ཅིག་ཨིན་མི་ ཀུན་ལེགས་བསྟན་འཛིན་དེ་ ཚོགས་པའི་མཉམ་འབྲེལ་བ་སྦེ་ ངོས་འཛིན་ཐོག་ བསྐོ་བཞག་འབད་ནུག།
དབང་འདུས་རྫོང་ཁག་ནང་འབད་རུང་ ཧེ་མའི་རྒྱབ་སྐྱོར་བ་ཚུ་གིས་ ད་རུང་ ཚོགས་པ་དེ་ལུ་ར་ རྒྱབ་སྐྱོར་འབད་ཡོདཔ་སྦེ་ སླབ་སྟེ་ཡོད་ཟེར་ ཀུན་ལེགས་བསྟན་འཛིན་གྱིས་ བཤད་ཡོད་པའི་ཁར་ ཡིག་ཚང་སྒོ་ཕྱེ་བའི་སྐབས་ ཚོགས་པའི་རྒྱབ་སྐྱོར་བ་༣༠ དེ་ཅིག་གིས་ བཅའ་མར་གཏོགས་ཅི་ཟེར་ ཚོགས་པའི་གནས་ཚུལ་ གསར་བཏོན་ནང་བཀོད་ནུག།
དེ་བསྒང་ ཚོགས་པའི་རྒྱབ་སྐྱོར་བ་ཚུ་ལུ་ ཁྲི་འཛིན་གྱིས་ ད་ལྟོ་ སྐུལ་བསྒྲགས་ཀྱི་ཚེས་གྲངས་ཚུ་ གསལ་བསྒྲགས་མ་འབདཝ་ལས་ སྐུལ་བསྒྲགས་དང་འབྲེལ་བའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་ གནད་དོན་ཚུ་ དྲན་གསོ་འབད་ཡི་ཟེར་ཨིན་པས།
དེ་དང་འབྲེལ་ ཚོགས་པའི་ལྟ་བ་ དབང་ཚད་ཕྱིར་སྤེལ་ཨིན་མི་དེ་ ཡང་བསྐྱར་དུ་ ཚོགས་པའི་འཐུས་མི་དང་ རྒྱབ་སྐྱོར་བ་ཚུ་ལུ་ དྲན་གསོ་འབད་ཡོདཔ་མ་ཚད་ དབང་ཚད་ཕྱིར་སྤེལ་གྱི་ གནད་དོན་དེ་ཡང་ མི་སེར་ལྕོགས་གྲུབ་ཅན་བཟོ་ནི་དང་ མི་སེར་ག་ར་ སྤྱིར་སྙོམས་བཟོ་ཐོག་ལས་ གོང་འཕེལ་གཏང་ནི་དེ་ཨིནམ་སྦེ་ གསལ་བཤད་འབད་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སྤྱི་ལོ་༢༠༠༨ ཀྱི་ གནས་སྟངས་དང་ཕྱདཔ་ད་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཡོད་པའི་གནས་ཡུན་ ལོ་༥ འི་ནང་འཁོད་ལུ་ འགྱུར་བ་སྦོམ་ བྱུང་ཡོདཔ་མ་ཚད་ ད་རེས་ད་རུང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་མི་དེ་ ལྷག་པར་དུ་ གོ་སྐབས་ཅིག་ཨིནམ་ལས་ གསེར་ཁྲི་རྩ་བ་ལས་གནང་ཡོད་མི་ དབང་ཚད་དེ་ ལག་ལེན་འཐབ་དགོ་ཟེར་ བཀོད་ནུག།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དར་དཀར་ནང་ལས་ རྩི་རང་དང་ གསར་སྤང་ལུ་སོང་ཞིནམ་ལས་ ཚོགས་པའི་ཡིག་ཚང་ སྒོ་ཕྱེཝ་དང་འབྲེལ་ རྫོང་ཁག་མཉམ་འབྲེལ་བ་ཚུ་ཡང་ བསྐོ་བཞག་འབད་དེ་ རྒྱབ་སྐྱོར་བ་དང་ འཐུས་མི་ཚུ་དང་ འཕྱད་ནི་གི་ ལས་རིམ་ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment