གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཚོགས་དཔོན་གྱི་ མཐའ་བསྡོམས་སྙན་གསན་གནང་ནི།

༢༨/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༢༥ ལུ་ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་བར་ན་ སྒྲུབ་བྱེད་སྙན་གསན་མཛད་པའི་སྐབས་ མོང་སྒར་དང་ འབྲས་སྤུངས་ཀྱི་མི་སེར་༣ དེ་ཅིག་གིས་ ཚོགས་དཔོན་དང་གཅིག་ཁར་ ས་ཆ་མ་ཐོབ་པའི་སྐོར་ལས་ གདོང་བཤེར་འབད་ཡོདཔ་ཨིན་པས།


དེ་ཡང་ མི་སེར་ཚུ་གིས་ ཁོང་རའི་ ཕ་བརྒྱུད་ཀྱི་སྐབས་ལས་ར་ བཟའ་སྤྱོད་འབད་མི་ ཕ་ཞིང་ཚུ་ ཀུ་རི་ཆུ་གློག་མེ་ལས་འགུལ་ལུ་ཕུལ་བའི་ཤུལ་ལས་ ཁྱིམ་ས་འཐོབ་ནིའི་ འོས་འབབ་འདུག་ཟེར་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ སླབ་ཡོདཔ་ལས་ མི་སེར་ཚུ་གིས་ ཞུ་ཡིག་ལན་ཐེངས་མང་རབས་ཅིག་བཙུགས་རུང་ ད་ལྟོའི་བར་ན་ཡང་ རྒྱལ་པོའི་ཞིང་ལུ་ ཁྱིམ་ས་ཅིག་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
དུས་ཡུན་ཆུ་ཚོད་༨ དེ་ཅིག་འགོར་མི་ སྒྲུབ་བྱེད་སྙན་གསན་དེ་ཡང་ དྲོ་པའི་ཆུ་ཚོད་༡༠ ལས་ འགོ་བཙུགས་ཏེ་ ཕྱི་རུའི་ཆུ་ཚོད་༦:༣༠ དེ་ཅིག་ལུ་མ་གཏོགས་ མཇུག་བསྡུ་མ་ཚུགས་མི་དེ་ཡང་ ཉེས་འཛུགས་པ་དང་ དཔང་པོ་ཚུ་གི་བར་ན་ ཁྲིམས་འདུན་ལུ་ བདེན་ཁུངས་དང་ ར་ཁུངས་ཚུ་ ག་དེ་སྦེ་ཡོད་ག་ གདོང་བཤེར་འབད་དགོཔ་ཐོན་མི་ལུ་བརྟེན་ཨིན་པས།
དཔང་པོ་ཚུ་ལུ་ ཁྲིམས་ཀྱི་གོ་དོན་ཚུ་ བཤད་བྱིན་ཚར་བའི་ཤུལ་ལུ་ བདེན་ཁུངས་བཟང་ནིའི་དོན་ལུ་ ངག་བརྗོད་ལེན་ཏེ་ ཁྲིམས་འདུན་ལུ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བར་ན་ དཔང་པོ་ཚུ་གིས་ ངག་བརྗོད་ལྷག་བྱིན་ཡོདཔ་ཨིན་པས།
དེ་ཡང་ ཞུ་ཚིག་ལན་ཐེངས་མང་རབས་ཅིག་བཙུགས་ཡོད་རུང་ ས་ཆ་མ་ཐོབ་མི་ཅིག་ མོང་སྒར་ ཝང་གླིང་ལས་ དབྱངས་ཅན་དང་ ཨཔ་བརྩོན་འགྲུས་ཨིནམ་ད་ དབྱངས་ཅན་གྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ མོ་རའི་ ཕ་ཞིང་དེ་ ཨ་པ་གི་མིང་ཐོ་ཁར་ ས་ཞིང་ཨེ་ཀར་༤ དེ་ཅིག་ཤོར་མི་ལུ་ གཞུང་ལས་འཐུས་ དངུལ་ཀྲམ་༣༠,༠༠༠ ཐོབ་ཅི་ཟེར་ཨིན་པས།
མོ་གིས་ཞུ་མིའི་ནང་ རྒྱལ་པོའི་ཞིང་གི་ ཕ་ཞིང་དེ་ གཞུང་གིས་བཞེས་ཞིནམ་ལས་ ལོག་འཐོབ་པའི་རེ་བ་རྫོགས་ཡོད་རུང་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ ཕ་ཞིང་ཤོར་མི་ཚུ་ལུ་ རྫོང་ཁག་གི་ཁ་ཐུག་ལས་ ཁྱིམ་ས་རེ་ གནང་ནིའི་འོས་འབབ་འདུག་ཟེར་ ཁོང་ལུ་སླབ་ཡོདཔ་ལས་བརྟེན་ ཁྱིམ་ས་ཅིག་ འཐོབ་པའི་རེ་བ་བསྐྱེད་དེ་ མི་སེར་ཚུ་གིས་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
ཨིན་རུང་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ མོ་གིས་ ཁྱབ་བསྒྲགས་ལ་སོགས་པའི་ བརྡ་བསྐུལ་མ་གོ་མི་ལུ་བརྟེན་ བགོ་བཀྲམ་འབད་བའི་སྐབས་ལུ་ ལྷོད་མ་ཚུགས་ཟེར་ཨིནམ་ད་ ཤུལ་ལས་ ས་ཆ་བགོ་བཀྲམ་ཐེངས་༡ པ་དེ་ འབད་ཚར་ཡི་ཟེར་ ལོ་རྒྱུས་གོ་ཏེ་ རྫོང་བདག་འཇིགས་མེད་ཚུལ་ཁྲིམས་འབད་སར་ བཅར་བའི་བསྒང་ལས་ རྫོང་བདག་གིས་ མོ་ལུ་ ས་ཆ་བགོ་བཀྲམ་ཐེངས་༡ པ་ འབད་ཚར་ཡི་ཟེར་ རྒྱང་བསྒྲགས་ནང་ ཁྱབ་བསྒྲགས་འབད་ཡོདཔ་ལས་ ཐེངས་༢ པ་དང་༣ པའི་སྐབས་ལུ་ བྱིན་གེ་ཟེར་ གསུངས་ཡི་ཟེར་ཨིན་པས།
ཨིན་རུང་ ཐེངས་༢ པ་དང་༣ པའི་སྐབས་ལུ་ཡང་ ཁྱབ་བསྒྲགས་ཚུ་ མ་གོ་ཟེར་ཨིནམ་ད་ ཁྱབ་བསྒྲགས་འབད་ཡོད་པ་ཅིན་ མི་༡ གིས་ མ་གོ་རུང་ གཞན་གྱིས་གོ་གོཝ་འོང་ཟེར་ཨིནམ་ད་ ཤུལ་ལས་ མི་སེར་ཚུ་གིས་ ལོ་རྒྱུས་གོ་བའི་བསྒང་ལས་ ས་ཆ་ཚུ་ དབང་ཚད་ཅན་དང་ སྟོབས་ཅན་ཚུ་གིས་ཐོབ་སྟེ་ མི་སེར་ས་ཆ་ཤོར་མི་ཚུ་ལུ་ རྫོང་བདག་རིམ་ཐེངས་༥ བྱོན་རུང་ ཁྱིམ་ས་ཅིག་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་ལུ་ ཚོགས་དཔོན་གྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཁྱབ་བསྒྲགས་དེ་ རྒྱང་བསྒྲགས་རེ་ཌི་བོ་ཐོག་ལས་འབད་ཡོད་རུང་ མི་སེར་ཚུ་ལྷོད་མ་ཚུགས་པས་ཟེར་ཨིནམ་ད་ ཁོ་ར་ མོང་སྒར་རྫོང་བདག་སྦེ་ གཞུང་གིས་བཏང་མི་དེ་ཡང་ དོན་ཆེད་སྦེ་ར་ མི་སེར་ཚུ་གི་ མཐའ་དོན་འགྲུབ་ནིའི་དོན་ལུ་ཨིནམ་ལས་ མོ་ལུ་ ས་ཆ་འཐོབ་དགོཔ་ ངེས་བདེན་ཡོདཔ་ལས་ མ་ཐོབ་མི་ལུ་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ཚུན་ ཞུ་ཡིག་བཙུགས་ཡོད་རུང་ ཁྱིམ་ས་ཅིག་ཡང་ ཐོབ་མ་ཚུགས་མི་ཅིག་ འབྲས་སྤུངས་རྒཔོ་བགྲེསཔ་ པདྨ་ཚེ་དབང་ཨིནམ་ད་ ཁོ་གིས་ཁྲིམས་འདུན་ལུ་ ཞུ་མིའི་ནང་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ ཁོ་ར་རྒཔོ་ཨིནམ་ལས་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་སྦེ་ བཅའ་མར་གཏོགས་མ་ཚུགས་རུང་ ཤོ་ཐེངས་༡ པ་ བགོ་བཀྲམ་འབད་བའི་སྐབས་ལུ་ རྫོང་བདག་གི་ཕྱག་ཞུ་སྟེ་ རྒྱལ་པོའི་ཞིང་ལུ་སོང་ཡོད་རུང་ དེ་བཟུམ་གྱི་ ཐོབ་ལམ་ཅིག་ མ་ཤེས་ནི་དེ་གིས་ ཟུར་སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་རྫོང་བདག་གིས་ ཁོ་ལུ་ ཡིག་ཐོག་ལུ་མེན་པར་ ངག་ཐོག་ལས་ ཀུ་རི་ཆུ་གློག་མེ་ལས་འགུལ་ལུ་ ས་ཞིང་ཨེ་ཀར་༡ ཤོར་མི་ཚུ་ལུ་ ཁྱིམ་ས་རེ་གནང་ནི་སྦེ་གསུངས་ཏེ་ ཁོ་གིས་ མི་སེར་ཚུ་ལུ་སླབ་སྟེ་ ཨེ་ཀར་༡ མ་ལང་མི་ མི་སེར་ཚུ་གིས་ཡང་ ཞུ་ཡིག་བཙུགས་ཏེ་ ཁྱིམ་ས་རེ་འཐོབ་པའི་ རེ་བ་བསྐྱེད་སྡོད་རུང་ ཤུལ་ལས་ ཁྱབ་བསྒྲགས་ལ་སོགས་པ་ཚུ་ ག་ནི་ཡང་ མ་གོཝ་ལས་བརྟེན་ ས་ཆ་བགོ་བཀྲམ་ཐེངས་༣ འབད་ཚར་རུང་ རྒྱན་ཤོག་ནང་ བཅའ་མར་གཏོགས་མ་ཚུགསཔ་ལས་ ཤུལ་ལས་ ལོ་རྒྱུས་གོ་བའི་བསྒང་ལས་ ས་ཆ་ཚུ་ ཐིམ་ཕུ་ལས་ཕར་སྡོད་མི་ཚུ་ལུ་ཡང་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
དེ་ལུ་ ཚོགས་དཔོན་གྱིས་ གདོང་བཤེར་གྱི་ལན་ ཞུ་མིའི་ནང་ རྒཔོ་ཟེར་མི་དེ་ མི་སེར་གྱི་ མཐའ་དོན་གྲུབ་མི་ཅིག་ཨིནམ་ལས་ ས་ཆ་བགོ་བཀྲམ་འབད་ཡི་ག་ མ་ཤེས་ཟེར་ཞུ་མི་ལུ་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ མ་གཞི་ ས་ཆ་མ་ཐོབ་མི་ཚུ་ རྒཔོ་གིས་ཁྱིད་དེ་ ཁོ་འབད་སར་ འོང་དགོཔ་ཅིག་ སྡོད་ནུག་ཟེར་ཨིན་པས།
ཚོགས་དཔོན་གྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཁོ་གིས་ ཧེ་མ་ ངན་ལྷད་ཀྱི་ལཱ་འབད་ཡོད་པ་ཅིན་ ཁོ་ར་ ད་ལྟོའི་ གོ་གནས་ཚུ་ནང་ ལྷོད་ནི་ཕར་བཞག་ ལྕམ་སྒང་དོ་དམ་འོག་ལུ་ ཡོདཔ་འོང་ཟེར་ཨིནམ་ད་ ད་རེས་ ལོ་ངོ་༡༣ དེ་ཅིག་ སོང་བའི་ཤུལ་ལུ་ ངན་ལྷད་འབད་ནུག་ཟེར་ ཁྲིམས་འདུན་ལུ་བཀལ་མི་དེ་ གཞུང་སྐྱོང་གི་ མིང་གཏམ་མེདཔ་གཏང་ནི་ལུ་ དམིགས་པ་བསྐྱེད་དེ་ ཨིན་ཟེར་ཨིནམ་མ་ཚད་ ཁོ་ར་ དུས་ཅི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་བཅུག་ནིའི་དོན་ལུ་ ངལ་མ་རངས་པར་ ཁྲིམས་གཏུགས་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་༢༣ བཀལ་མི་ལུ་ ལྷན་ཚོགས་ཀྱི་ཧོངས་ལས་ ངན་ལྷད་འབད་ཡོདཔ་ལས་ ཉེས་རྩོད་ཀྱི་ ཉེས་པ་སྨིན་དགོ་ཟེར་མི་ལུ་ ངན་ལྷད་ག་ཅི་འབད་ཡི་ག་ གསལ་རི་རི་སྦེ་ བསམ་སྦྱོར་ལས་འདས་པའི་ སྒྲུབ་བྱེད་དང་ ར་ཁུངས་ཚུ་ བཀལ་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་ ངན་ལྷད་འབད་ཡོད་པ་ཅིན་ ཁོང་༢༣ ལས་ ག་ཅི་ལན་ཡོདཔ་ཨིན་ན་དང་ ཁོ་ལུ་ ཁེ་ཕན་ག་ཅི་ཐོབ་ཅི་ག་ ར་ཁུངས་བཀལ་ནི་མིན་འདུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ འབྲས་སྤུངས་ཀྱི་མི་སེར་ཚུ་ རྒྱན་ཤོག་འཐུ་བའི་སྐབས་ལུ་ ལྷོད་མ་ཚུགསཔ་ལས་ ས་ཆ་མ་ཐོབ་པར་ལུས་ཡོད་རུང་ ཐིམ་ཕུ་ལུ་སྡོད་མི་ཚུ་གིས་ རྒྱན་ཤོག་འཐུ་བར་ འོང་ནི་ཕར་བཞག་ ལ་ལུ་ཅིག་གིས་ ཞུ་ཡིག་མ་བཙུགས་རུང་ ས་ཆ་སྤྲོད་ཡོད་མི་དེ་ ངན་ལྷད་ཀྱི་ལཱ་མེན་པ་ཅིན་ ག་ཅི་ཨིན་ན་ཟེར་ཞུ་ཡི།
དེ་ཡང་ ཁོང་གིས་སླབ་མིའི་ནང་ དཔེ་འབད་བ་ཅིན་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ ས་ཆ་དགོ་ནིའི་དོན་ལུ་ ཞུ་ཡིག་དེ་ བགོ་བཀྲམ་འབད་ཚར་བའི་ ཉིན་གྲངས་༤༥ དེ་ཅིག་གི་ རྒྱབ་ལས་མ་གཏོགས་ མ་ལྷོད་རུང་ ས་ཆ་སྤྲོད་མི་དེ་ གནད་དོན་ག་ཅི་ཨིན་ན་ཟེར་ཨིན་པས།
ཨིན་རུང་ ཚོགས་དཔོན་གྱིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ས་ཆ་དེ་ མི་སེར་ཚུ་ལས་ རྩ་ལས་ར་ ཁོ་གིས་མ་ལེན་ཟེར་ཨིནམ་མ་ཚད་ ས་ཆ་ཐོབ་མི་ཚུ་གིས་ཡང་ གཞུང་ལུ་ ས་རིན་ཕུལ་ཡོདཔ་ལས་ སྐྱིད་སྡུག་གི་ ས་གནང་གནངམ་མེན་ཟེར་ཨིནམ་ད་ ཁོ་གིས་ བགོ་བཀྲམ་འབད་མི་དེ་ གཞུང་གི་བཀའ་རྒྱ་དང་ ལམ་ལུགས་ག་ཅི་ལས་ བརྒལ་ཡོདཔ་ཨིན་ན་ ཁུངས་བཀལ་མ་ཚུགས་ཟེར་ཨིན་པས།
ད་རིས་ ཚོགས་དཔོན་གྱི་ མཐའ་བསྡོམས་སྙན་གསན་ གནང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།


No comments:

Post a Comment