གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་འཛུགས་༢༣ འབད་མི་ལུ་ ཚོགས་དཔོན་གྱིས་ སྒྲུབ་བྱེད་བཀོད་ཡོདཔ།

༢༤/༡/༢༠༡༣   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ ཉེས་འཛུགས་༢༣ འབད་མི་ལུ་ ཚོགས་དཔོན་གྱིས་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ སྒྲུབ་བྱེད་བཀོད་མི་ཚུ་ གཤམ་གསལ་ལྟར་ཨིན་པས།


དེ་ཡང་ ༡. བཙན་སྐྱོགས་ཚེ་རིང་ལུ་ ས་ཆ་སྤྲོད་དགོ་མི་དེ་ཡང་ མོ་གིས་ སྤྱི་ལོ་༢༠༠༠ ཟླ་༢ པའི་ནང་ ཁྲོམ་ས་༡ དགོ་ནི་ལུ་ ཞུ་ཡིག་བཙུགས་ཡོདཔ་ལས་ ཁྲི་འཛིན་གྱིས་ སྤྱི་ཟླ་༡ པའི་ཚེས་༡ ལུ་ ཐེངས་༢ པའི་ བགོ་བཀྲམ་ནང་བཙུགས་དགོཔ་སྦེ་ དྲན་རྟགས་བཀོད་དེ་ འབྲེལ་ཡོད་འགོ་དཔོན་ལུ་ སྤྲོད་ཅི་ཟེར་ཨིནམ་ད་ མོ་རའི་ མིང་ཡང་ཚུད་དེ་ཡོདཔ་ལས་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ ས་ཆ་སྤྲོད་ནུག་ཟེར་ཨིན་པས།
དེ་མ་ཚད་ གཞུང་གི་བཀའ་རྒྱ་དང་ ཞབས་ཏོག་ལྷན་ཁག་ལས་གནང་མི་ བཀའ་རྒྱ་ཚུ་ནང་འབད་རུང་ སའི་རྒྱ་ཚད་དེ་ འ་ནེམ་ཅིག་ཨིན་ཟེར་ བཀོད་དེ་མེདཔ་མ་ཚད་ བགོ་བཀྲམ་དེ་ཡང་ ཁྲོམ་སྡེའི་འཆར་གཞི་བཟོ་མི་དང་འཁྲིལ་ བགོ་བཀྲམ་འབད་ཡོདཔ་ལས་ མོ་ལུ་ ས་ཆ་ཕིཊ་གྲུ་བཞི་༣༡༦༣.༤༤ འཐོབ་དགོཔ་ཨིན་རུང་ ཕིཊ་གྲུ་བཞི་༥༠༦༡.༥༠ སྤྲོད་ནུག་ཟེར་བའི་ ཉེས་འཛུགས་དེ་ ཁྲིམས་མཐུན་མིན་འདུག་ཟེར་ཨིནམ་ད་ ས་ཆའི་བདག་དབང་གི་ ལག་ཁྱེར་དེ་ཡང་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ཆ་འཇོག་འབད་བའི་ཤུལ་ལུ་ ཁྲི་འཛིན་གྱིས་ རྟགས་བཀོད་ཐོག་ལས་ སྤྲོད་སྤྲོདཔ་ཨིནམ་ལས་ ཡིག་ཆ་ལ་སོགས་པ་ རྫུན་མ་བཟོ་བཟོཝ་མེད་ཟེར་ཨིན་པས།
༢. འཆི་མེད་སྒྲོལ་མ་གིས་ཡང་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ ཁྱིམ་ས་ཅིག་དགོ་པའི་ ཞུ་ཡིག་ཐེངས་༢ བཙུགས་ཡོདཔ་ལས་ དང་པ་ལུ་ དྲན་གསོ་མེད་རུང་ ཤུལ་མ་ སྤྱི་ཟླ་༦ པའི་ཚེས་༡ ལུ་ ཞུ་ཡིག་ཕུལ་མིའི་ནང་ ལྟ་དགོ་པའི་དྲན་གསོ་ཡོདཔ་ལས་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ ས་ཆ་སྤྲོད་དེ་ བདག་དབང་གི་ ལག་ཁྱེར་གནང་ནུག་ཟེར་ཨིན་པས།
༣. འགྲོ་བ་བཟང་མོ་གིས་ཡང་ ཁྱིམ་ས་༡ དགོ་པའི་ ཞུ་ཡིག་ཅིག་ སྤྱི་ལོ་༢༠༠༠ ཟླ་༡༠ པའི་ཚེས་༣༡ ལུ་ བཙུགས་ཡོདཔ་ལས་ མོ་རའི་ མིང་གསལ་ཡང་ཚུད་དེ་ཡོདཔ་ལས་ ཚོགས་ཆུང་གིས་ བགོ་བཀྲམ་འབད་དེ་ བདག་དབང་གི་ལག་ཁྱེར་དེ་ ཁྲི་འཛིན་གྱིས་རྟགས་བཀོད་དེ་ གནང་ནུག་ཟེར་ཨིན་པས།
༤. བྱང་ཆུབ་སྒྲོལ་མ་གིས་ཡང་ ཁྱིམ་ས་དགོ་ནི་སྦེ་ སྤྱི་ལོ་༡༩༩༩ ཟླ་༤ པའི་ཚེས་༦ ལུ་ ཞུ་ཡིག་བཙུགས་ཡོདཔ་ལས་ ཚོགས་ཆུང་གིས་ ཆ་འཇོག་འབད་ཐོག་ལས་ ས་ཆ་སྤྲོད་དེ་ བདག་དབང་གི་ལག་ཁྱེར་ཡང་ སྤྲོད་ནུག་ཟེར་ཨིན་པས།
༥ འཇིགས་མེད་ཆོས་སྒྲོན་གྱིས་ ཁྱིམ་སའི་དོན་ལུ་ སྤྱི་ལོ་༢༠༠༠ ཟླ་༡༠ པའི་ཚེས་༡༠ ལུ་ ཞུ་ཡིག་བཙུགས་ཡོདཔ་ལས་ མོ་གི་མིང་གསལ་ཡང་ ཚུད་དེ་ཡོདཔ་ལས་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ བགོ་བཀྲམ་འབད་ནུག་ཟེར་ཨིནམ་ད་ མོ་ལུ་ ས་ཆ་རྒྱ་ཚད་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་༧,༨༦༥.༧༨ སྤྲོད་མི་དེ་ཡང་ གཞུང་གི་བཀའ་རྒྱ་ནང་ རྒྱ་ཚད་བཀོད་དེ་ མེདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
༦. བློན་པོ་ཡེ་ཤེས་སྦྱིན་པ་གིས་ཡང་ སྤྱི་ལོ་༢༠༠༡ ཟླ་༧ པའི་ཚེས་༡༦ ལུ་ ཁྱིམ་སའི་ ཞུ་ཡིག་བཙུགས་མི་ལུ་ ཕིཊ་གྲུ་བཞི་༤,༦༤༨.༣༢ སྤྲོད་ནི་ལས་༤༣,༥༦༠.༠༠ སྤྲོད་མི་དེ་ཡང་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ སྤྲོད་ཡོདཔ་ད་ དེ་ཡང་ གཞུང་གི་ལམ་ལུགས་ནང་ ཚད་གཞི་ཅིག་ མེདཔ་ལས་བརྟེན་ཨིན་པས།
༧. ཉི་མ་བཟང་མོ་གིས་ཡང་ སྤྱི་ལོ་༢༠༠༠ ཟླ་༡༡ པའི་ཚེས་༥ ལུ་ ས་ཚན་ཅིག་དགོ་པའི་ ཞུ་ཡིག་དེ་ཡང་ ཚོགས་དཔོན་གྱིས་ མ་བཙུགས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཞུ་ཡིག་དེ་ མོ་རའི་ ཨ་ཁུ་གིས་ བདག་འཛིན་ཐོག་ལུ་ བཙུགས་ནུག་ཟེར་ཨིནམ་ད་ ས་རིན་དེ་ ཁོ་གིས་སྤྲོད་དགོ་མི་དེ་ཡང་ དེ་བསྒང་ ཁོ་རའི་འོག་ལུ་ ལཱ་འབད་མི་ཅིག་ཨིན་རུང་ ཐོབ་ལམ་ཅིག་བཟོ་སྟེ་མེདཔ་ལས་ ཆ་རོགས་འབད་འབདཝ་ ཨིན་ཟེར་ཨིན་པས།
༨. ཉི་མ་བཟང་མོ་གིས་ སྤྱི་ལོ་༢༠༠༠ ཟླ་༡༡ པའི་ཚེས་༥ ལུ་ ཞུ་ཡིག་བཙུགས་མི་ལུ་ ཁྲི་འཛིན་གྱིས་ ཁྱིམ་ས་ཅིག་ སྤྲོད་དགོ་པའི་དྲན་གསོ་བཀོད་ཡོདཔ་ད་ གཞུང་གི་བཀའ་རྒྱ་ནང་ རྒྱ་ཚད་ཀྱི་ ཚད་གཞི་མེདཔ་ལས་ ཕིཊ་གྲུ་བཞི་༤༦༤༨.༣༢ ལས་༨༢༠༡.༧༦ སྤྲོད་ཡོདཔ་ད་ ཚོགས་ཆུང་གིས་ ཆ་འཇོག་འབད་མི་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིནམ་ད་ སྐྱིད་སྡུག་གི་ ཤིང་ཆས་སི་ཨེཕ་ཊི་༡,༠༠༠ གི་ གནས་གོང་དངུལ་ཀྲམ་༢༠༨,༩༦༠.༠༠ བཀལ་མི་དེ་ཡང་ ཤིང་ཆས་དེ་ མོ་རའི་ མིང་ཐོག་ཁར་ཐོབ་ཡོདཔ་ལས་ ཁོ་གིས་ ག་ཅི་འབད་སྤྲོད་དགོཔ་ཨིན་ར་ ར་ཁུངས་ཅིག་ ངན་ལྷད་ཀྱི་ཧོངས་ལས་ བཀལ་མ་ཚུགས་ཟེར་ཨིན་པས།
༩. པདྨ་དབང་མོ་གིས་ སྤྱི་ལོ་༡༩༩༨ ཟླ་༦ པའི་ཚེས་༥ ལུ་ ཁྱིམ་ས་ཅིག་དགོ་པའི་ ཞུ་ཡིག་བཙུགས་ཡོད་མི་ལུ་ ཁྲི་འཛིན་གྱིས་ བགོ་བཀྲམ་༢ དང་༣ པའི་ནང་ བྱིན་ནི་ཟེར་ དྲན་གསོ་ཐོག་ལུ་ མོ་རའི་མིང་གསལ་ཡང་ ཚུད་དོ་ཡོདཔ་ལས་ ཚོགས་ཆུང་གིས་ ཆ་འཇོག་ཐོག་ལུ་ ས་ཆ་བགོ་བཀྲམ་འབད་དེ་ ལག་ཁྱེར་ཡང་ གནང་ཡི་ཟེར་ཨིན་པས།
༡༠. རིག་འཛིན་རྡོ་རྗེ་གིས་ཡང་ སྤྱི་ལོ་༢༠༠༡ ཟླ་༤ པའི་ཚེས་༡༦ ལུ་ ཁྲོམ་ས་ཅིག་དགོ་པའི་ ཞུ་བ་ཕུལ་མི་ལུ་ ཁྲི་འཛིན་གྱིས་ཁྱིམ་ས་སྤྲོད་ནིའི་ དྲན་གསོ་བཀོད་དེ་ མིང་ཡང་ཚུད་དེ་ཡོདཔ་ལས་ ཚོགས་ཆུང་གི་ ཆ་འཇོག་ཐོག་ལུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
༡༡. བསོད་ནམས་ལྷ་སྒྲོན་གྱིས་ཡང་ སྤྱི་ལོ་༢༠༠༠ ཟླ་༡༢ པའི་ཚེས་༡༢ ལུ་ ཁྱིམ་ས་ཅིག་གི་ ཞུ་ཡིག་བཙུགས་ཡོདཔ་ལས་ ཁྲི་འཛིན་གྱིས་ བགོ་བཀྲམ་ཐེངས་༣ པའི་སྐབས་ལུ་ སྤྲོད་ནི་སྦེ་ དྲན་གསོ་བཀོད་མི་དེ་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ཡོདཔ་ད་ མོ་ལུ་ཡང་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་ ཕིཊ་གྲུ་བཞི་༨,༩༠༦.༧༦ སྤྲོད་ཅི་ཟེར་ཨིན་པས།
༡༢. བསོད་ནམས་ནོར་བུ་གིས་ ཁྱིམ་སའི་དོན་ལུ་ སྤྱི་ལོ་༢༠༠༡ ཟླ་༢ པའི་ཚེས་༦ ལུ་ ཞུ་ཡིག་བཙུགས་ཏེ་ཡོད་མི་ལུ་ ཁྲི་འཛིན་གྱིས་ ཤུལ་མའི་ནང་སྤྲོད་ནི་ཟེར་ དྲན་གསོ་བཀོད་མི་ལུ་ ཚོགས་ཆུང་གིས་ཡང་ ཆ་འཇོག་འབད་དེ་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་ ཕིཊ་གྲུ་བཞི་༡༠,༧༢༢.༥༦ སྤྲོད་ནུག།
༡༣. བསོད་ནམས་སྟོབས་རྒྱས་ཀྱིས་ ཁྱིམ་སའི་དོན་ལུ་ སྤྱི་ལོ་༡༩༩༩ ཟླ་༩ པའི་ཚེས་༡ ལུ་༌ཞུ་ཡིག་བཙུགས་ཏེ་ ཚོགས་ཆུང་གིས་ཆ་འཇོག་ཐོག་ལུ་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་༡༠,༥༩༣.༩༣ སྤྲོད་དེ་ བདག་དབང་གི་ལག་ཁྱེར་ཡང་ སྤྲོད་ཅི་ཟེར་ཨིན་པས།
༡༤. བསོད་ནམས་དབྱངས་ཅན་གྱིས་ ཁྱིམ་སའི་དོན་ལུ་ སྤྱི་ལོ་༡༩༩༨ ཟླ་༡ པའི་ཚེས་༣༠ ལུ་ཕུལ་མི་ལུ་ ཁྲི་འཛིན་གྱིས་ ཐོབ་ཟེར་དྲན་རྟགས་བཀོད་མི་ལུ་ ཚོགས་ཆུང་གིས་ ཆ་འཇོག་འབད་ཐོག་ལས་ ཕིཊ་གྲུ་བཞི་༣,༡༦༣.༤༤ ལས་༧,༨༦༥.༨༧ སྤྲོད་དེ་ བདག་དབང་ལག་ཁྱེར་ཡང་ སྤྲོད་ཅི་ཟེར་ཨིན་པས།
༡༥. ཚེ་རིང་དཔལ་སྒྲོན་གྱིས་ ཁྲོམ་སའི་དོན་ལུ་ ཚེས་གྲངས་མེད་པའི་ ཞུ་ཡིག་ཅིག་བཙུགས་མི་ལུ་ ཚོགས་ཆུང་གིས་ ཆ་འཇོག་ཐོག་ལུ་ ས་ཆ་སྤྲོད་དེ་ བདག་དབང་ལག་ཁྱེར་ཡང་ བྱིན་ཡི་ཟེར་ཨིན་པས།
༡༦. ཨྱོན་འཇམ་དབྱངས་བསྟན་འཕེལ་གྱིས་ སྤྱི་ལོ་༢༠༠༠ ཟླ་༡༠ པའི་ཚེས་༡༩ ལུ་ ཁྱིམ་ས་ཅིག་གི་ ཞུ་ཡིག་བཙུགས་མི་ལུ་ ཐེངས་༢ པའི་ནང་ཐོབ་ཟེར་ དྲན་ཐོག་ལུ་ ཚོགས་ཆུང་གིས་ ཆ་འཇོག་ཐོག་ལས་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་ ཕིཊ་གྲུ་བཞི་༩,༠༢༧.༨༡ སྤྲོད་དེ་ བདག་དབང་ལག་ཁྱེར་ཐོབ་ནུག།
༡༧. ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་གིས་ ཁྲོམ་ས་དང་ ཡང་ཅིན་ ཁྱིམ་སའི་དོན་ལུ་ སྤྱི་ལོ་༢༠༠༡ ལུ་ ཞུ་ཡིག་བཙུགས་མི་ལུ་ ཁྲི་འཛིན་གྱིས་ དྲན་ཐོ་ནང་ ཁོ་རའི་ ཕ་ཞིང་ཚུ་ལས་འགུལ་ནང་ ཚུད་ཡོདཔ་ལས་ ཐེངས་༢ པའི་ནང་ ཁྱིམ་ས་སྤྲོད་ནི་སྦེ་བཞག་མི་ལུ་ ཁོ་གིས་ བཅའ་མར་གཏོགས་པར་མ་ལྷོད་རུང་ ཁོ་གིས་ ཟླ་ངོ་༢ ཀྱི་ ནང་འཁོད་ལུ་ ས་རིན་ཕུལ་ཚུགས་མི་ལུ་བརྟེན་ ཚོགས་ཆུང་གིས་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ ཕིཊ་༤,༦༤༨.༣༢ ལས་༥,༣༧༣.༡༢ ཨིན་པས།
༡༨. རྒྱལ་མཚན་དབང་འདུས་ཀྱིས་ ཁྱིམ་ས་ཅིག་དགོ་པའི་ ཞུ་ཡིག་དེ་ སྤྱི་ལོ་༢༠༠༠ ཟླ་༤ པའི་ཚེས་༢༩ ལུ་ཕུལ་མི་ལུ་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ ཁོ་གིས་ཡང་ ས་རིན་དེ་ ཟླཝ་༢ ཀྱི་ནང་འཁོད་ལུ་ བཏབ་ཚུགས་མི་ལུ་བརྟེན་ སྤྲོད་ཅི་ཟེར་ཨིན་པས།
༡༩. བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁྱིམ་ས་ཅིག་དགོ་པའི་ ཞུ་ཡིག་དེ་ སྤྱི་ལོ་༢༠༠༢ ཟླ་༣ པའི་ཚེས་༤ ལུ་བཙུགས་མི་ལུ་ ཁོ་ར་ བགོ་བཀྲམ་འབད་བའི་སྐབས་ལུ་ ངོ་མ་སྦེ་ ལྷོད་མ་ཚུགས་རུང་ ཟླ་ངོ་༢ ཀྱི་ནང་འཁོད་ལུ་ ས་རིན་ཕུལ་མི་ལུ་ ཚོགས་ཆུང་གིས་ ཆ་འཇོག་ཐོག་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་༢༡,༧༨༠.༠༠ སྤྲོད་ཅི་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་ཚད་གཞི་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
༢༠. བསོད་ནམས་རྒྱལ་མཚན་གྱིས་ ཁྲོམ་སའི་དོན་ལུ་ སྤྱི་ལོ་༡༩༩༩ ཟླ་༡༡ པའི་ཚེས་༡༨ ལུ་ ཞུ་ཡིག་བཙུགས་མི་ལུ་ ཁོ་གིས་ཡང་ ས་རིན་ཟླ་ངོ་༢ ནང་ བཙུགས་མི་ལུ་བརྟེན་ ཚོགས་ཆུང་གིས་ སྤྲོད་ཅི་ཟེར་ཨིན་པས།
༢༡. བསོད་ནམས་ལས་སྐྱིད་རྡོ་རྗེ་གིས་ ཁྱིམ་སའི་དོན་ལུ་ ཞུ་ཡིག་ཐེངས་༢ པ་དེ་ཡང་ སྤྱི་ལོ་༢༠༠༠ ཟླ་༡༠ པའི་ཚེས་༡ དང་ སྤྱི་ལོ་༢༠༠༢ ཟླ་༢ པའི་ཚེས་༧ ལུ་ བཙུགས་ཡོདཔ་ལས་ ཁོ་ར་མ་ལྷོད་རུང་ ས་རིན་ཟླཝ་༢ ཀྱི་ནང་འཁོད་ལུ་ བཙུགས་མི་ལུ་བརྟེན་ ཕིཊ་གྲུ་བཞི་༤,༦༤༨.༣༢ ལས་༢༡,༧༨༠.༠༠ ཚོགས་ཆུང་གིས་ སྤྲོད་ཅི་ཟེར་ཨིན་པས།
༢༢. ཚེ་རིང་བཟང་མོ་གིས་ ཁྱིམ་སའི་དོན་ལུ་ ཞུ་ཡིག་གི་ ཚེས་གྲངས་མེད་པར་བཙུགས་ཡོདཔ་ད་ མོ་གིས་ཡང་ བགོ་བཀྲམ་སྐབས་ལུ་ བཅའ་མར་གཏོགས་མ་ཚུགས་རུང་ ས་རིན་ཟླཝ་༢ ནང་ཕུལ་མི་ལུ་ ཚོགས་ཆུང་གིས་ སྤྲོད་ཅི་ཟེར་ཨིན་པས།
༢༣. པདྨ་ཆོས་སྒྲོན་གྱིས་ཡང་ ས་ཅིག་དགོ་པའི་ ཞུ་ཡིག་དེ་ སྤྱི་ལོ་༢༠༠༠ ཟླ་༨ པའི་ཚེས་༣ ལུ་ ཕུལ་ཡོདཔ་ལས་ ཁྲི་འཛིན་གྱིས་ ཐེངས་༢ པའི་སྐབས་ལུ་ ཚུད་ཚུགས་ཟེར་བའི་དྲན་ཐོ་ལུ་ ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ ས་ཆ་ཕིཊ་༡༠,༠༠༠.༠༠ སྤྲོད་དེ་ བདག་དབང་གི་ ལག་ཁྱེར་སྤྲོད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ གོང་ལུ་ བགོ་བཀྲམ་འབད་ཡོད་པའི་ས་ཆ་ཚུ་ ཁྲིམས་མཐུན་ཐོག་ལུ་འབད་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་བཀལ་མི་ལུ་ བདེན་ཁུངས་ཅིག་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment