གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཁྲིམས་འདུན་གྱིས་ བརྒལ་ལན་སྙན་གསན་ཚུ་ རིམ་བཞིན་མཛད་པའི་བསྒང་ཡོདཔ།

༢༣/༡/༢༠༡༣   ༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༨ དེ་ཅིག་ལུ་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྙན་གསན་ཚུ་ རིམ་པ་བཞིན་དུ་ མཛད་པའི་བསྒང་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འཐུས་མི་ཚུ་གི་བར་ན་ རྩོད་བཤེར་འབད་ནི་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ཁྲིམས་ཁང་།


སྤྱི་ཟླ་༡ པའི་ཚེས་༢༡ ལུ་ ཧེ་མ་ མོང་སྒར་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ དཔལ་ལྡན་ནོར་རྒྱས་ཀྱིས་ བརྒལ་ལན་ཐེངས་༢ པ་ ཕུལ་ཡོདཔ་མ་ཚད་ ཧེ་མའི་ རྫོང་ཁག་ཤེས་རིག་འགོ་དཔོན་འོག་མ་ སངས་རྒྱས་རྡོ་རྗེ་གི་ ཐོག་མའི་བརྗོད་དོན་སྙན་གསན་ དེ་ལས་ རྫོང་རབ་བགྲེསཔ་ རྟ་པོ་དང་ སི་ཨེལ་ དཱསི་གི་ མཐའ་བསྡོམས་སྙན་གསན་ དེ་བཟུམ་སྦེ་ བཀྲིས་ནོར་བུ་ཤེར་པ་དང་ རྡོ་རྗེ་དབང་ཕྱུག་གི་དོན་ལུ་ བརྒལ་ལན་སྙན་གསན་ ཐེངས་༤ པ་ཡང་ མཛད་གནང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དཔལ་ལྡན་ནོར་རྒྱས་ལུ་ ཉེས་རྩོད་ཀྱི་ ཉེས་འཛུགས་བཀལ་མི་དེ་ཡང་ ཁོ་ར་ མོང་སྒར་རྫོང་ཁག་ནང་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཅིག་གི་ འགན་ཁུར་འབག་མི་ཅིག་ཨིན་རུང་ ཁོ་གིས་ འཐུས་མིའི་འགན་ཁུར་དེ་ རང་མོས་རྣམ་དག་ཐོག་ལུ་མ་འབག་པར་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་བཀོད་མི་ཚད་གཞི་དང་ བཀའ་རྒྱ་ཚུ་དང་མ་འཁྲིལ་བར་ འབད་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འཐུས་མིའི་འགན་ཁུར་དེ་ རང་མོས་རྣམ་དག་ཐོག་ལུ་འབག་ཡོད་པ་ཅིན་ ད་རེས་ཀྱི་ དཀའ་ངལ་དེ་མ་ཐོནམ་འོང་ཟེར་ཨིནམ་ད་ དེ་བཟུམ་གྱི་དཀའ་ངལ་ཐོན་མི་དེ་ཡང་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ གཞུང་གི་བཀའ་རྒྱ་དང་ ལམ་ལུགས་ཚུ་དང་མ་འཁྲིལ་བར་ བགོ་བཀྲམ་འབད་ཡོདཔ་ལས་ ཁོ་ལུ་ཕོག་པའི་འགན་འཁྲི་དེ་ འབག་མ་ཚུགས་པར་ ལོག་སྤྱོད་འབད་མི་ལུ་བརྟེན་ སྟབས་མ་བདེཝ་ཐོན་ཡི་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༡ ལུ་ཡང་ ཁོ་ར་ ཚོགས་ཆུང་གི་འཐུས་མི་ཅིག་ཨིནམ་ལས་ དེ་བསྒང་ཡང་ ཁྲོམ་ས་༢༦ དང་ ཁྱིམ་ས་༤༡ བགོ་བཀྲམ་འབད་མིའི་གྲས་ཁར་ཨིནམ་ལས་ ཚད་གཞི་ཚུ་དང་མ་འཁྲིལ་བར་ དགའ་དགའཝ་སྦེ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཨིནམ་ད་ དེ་གི་ནང་ལས་ ཁེ་ཕན་བྱུང་མི་ཅིག་ ཁོ་རའི་གནས་ཚང་ ཆོས་ཉིད་དབྱངས་སྒྲོན་ལུ་ཡང་ ས་ཆ་སྤྲོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༦ ལུ་ ས་ཆ་བགོ་བཀྲམ་འབད་མི་ནང་ཡང་ ཚོགས་ཆུང་གི་ འཐུས་མི་ཅིག་ཨིནམ་ལས་ འཐུས་མི་གི་འགན་ཁུར་དེ་ རྣམ་དག་ཐོག་ལུ་མ་འབག་པར་ དབང་ཚད་ལོག་པར་སྤྱོད་ཡོདཔ་ལས་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༩༤ ཁ་དང་འཁྲིལ་༢༩༥ གི་ ཉེས་ཁྲིམས་དེ་ སྨིན་དགོཔ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཤེར་ལན་ཕུལ་མིའི་ནང་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་བཀོད་མི་ཚད་གཞི་དང་ བཀའ་རྒྱ་དང་འཁྲིལ་ཏེ་ར་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་མ་ཚད་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ དང་འཁྲིལ་ཕྱག་ཞུ་ཡོདཔ་ལས་ ཁྲིམས་འགལ་གྱི་ལཱ་མེན་ཟེར་ཨིན་པས།
དེ་མ་ཚད་ ས་ཆ་བགོ་བཀྲམ་ཐེངས་༢ པ་དེ་ཡང་ གཞུང་གི་བཀའ་རྒྱ་དང་ ཁྱབ་བསྒྲགས་ དེ་ལས་ ཁྲོམ་ས་དང་ ཁྱིམ་ས་བགོ་སྤྲོད་ཡང་ ཞུ་ཡིག་བཙུགས་མི་དང་འཁྲིལ་ རྒྱན་ཤོག་ཐོག་ལས་ བགོ་བཀྲམ་འབད་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་བཀལ་མི་ལུ་ གདོང་ལེན་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་གིས་ བརྒལ་ལན་ཚུ་ནང་ ཞུ་མིའི་ནང་ ཁོ་རའི་གནས་ཚང་ལུ་ ས་ཐོབ་ཡོད་མི་དེ་ མི་གཞན་ཚུ་བཟུམ་སྦེ་ར་ མོ་གིས་ཡང་ ཞུ་ཡིག་བཙུགས་ཡོདཔ་ལས་ མོ་ར་ཡང་ འབྲུག་གི་མི་ཁུངས་ཅིག་ཨིནམ་ལས་ ཐོབ་ལམ་ཅིག་ཡོདཔ་ད་ དེ་ལུ་ རང་མོས་རྣམ་དག་ཐོག་ལས་ ལཱ་མ་འབད་བར་ ངན་ལྷག་ཐོག་ལས་ ལཱ་འབད་དེ་ ཐོབ་ཐོབ་རྩ་ལས་མེན་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་ལམ་ལུགས་དང་འཁྲིལ་ གཞན་ཚུ་བཟུམ་སྦེ་ རྒྱན་ཤོག་ཐོག་ལས་ ཐོབ་ཡོད་མི་དང་བསྟུན་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཧེ་མའི་ ཤེས་རིག་འགོ་དཔོན་འོགམ་ སངས་རྒྱས་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ སྤྱི་ལོ་༢༠༠༦ ལུ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཞལ་འཛོམས་ཀྱི་གྲོས་ཆོད་ལྷག་ལྟ་བ་ཅིན་ སྐུ་འཁོར་དང་ སྒེར་སྡེ་ཅིག་ལུ་ ས་ཆ་བགོ་བཀྲམ་དེ་ ག་དེ་སྦེ་འབད་ཡི་ག་ ཁོ་གིས་ མནོ་བསམ་ག་དེ་སྦེ་བཏང་རུང་ སེམས་ཁར་དྲན་མི་ཚུགས་པས་ཟེར་ཨིནམ་ད་ བརྡ་བརྒྱུད་ནང་ ཐོན་ཞིནམ་ལས་རྐྱངམ་གཅིག་ ཤེས་ཅི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ཞལ་འཛོམས་ཀྱི་ གྲོས་ཆོད་ལུ་ལྟ་བ་ཅིན་ གཡོ་སྒྱུ་འབད་ཡོད་པའི་ དོགས་པ་ཆགསཔ་མས་ཟེར་ཨིནམ་ད་ ས་ཆ་བགོ་བཀྲམ་ཞལ་འཛོམས་ཀྱི་ གྲོས་ཆོད་ནང་བཀོད་མི་ ཚེས་གྲངས་དང་ ཞལ་འཛོམས་འཚོགས་ནིའི་ དུས་ཡུན་བཀོད་མིའི་ ཁྱབ་བསྒྲགས་ཀྱི་ཚེས་གྲངས་ཚུ་ འབྲི་བསུབ་འབད་ནུག་ཟེར་ཨིནམ་ལས་ ཞིབ་དཔྱད་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཚེས་གྲངས་ཚུ་ རྟགས་མ་མཐུན་པར་ འབྲི་བསུབ་འབད་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཐུས་མི་ཚུ་གིས་ ཞལ་འཛོམས་འཚོགས་ཚར་བའི་ཤུལ་ལུ་ གྲོས་ཆོད་གུ་ འཐུས་མི་ཆ་མཉམ་གྱིས་ མིང་རྟགས་བཀོད་དགོཔ་ཨིན་རུང་ མིང་རྟགས་ཚུ་མེདཔ་ལས་ གྲོས་ཆོད་ལུ་ དོགས་པ་ཆགསཔ་མས་ཟེར་ཨིན་པས།
ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ རྫོང་རབ་བགྲེསཔ་ རྟ་པོ་དང་ འཐུས་མི་སི་ཨེལ་དཱསི་༢ ཀྱི་ མཐའ་བསྡོམས་སྙན་གསན་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་མཛད་ཡོདཔ་ད་ ཚོགས་ཆུང་འཐུས་མིའི་དྲུང་ཆེན་ བཀྲིས་ནོར་བུ་ཤེར་པ་དང་ འཐུས་མི་ རྡོ་རྗེ་དབང་ཕྱུག་གི་ བརྒལ་ལན་ཐེངས་༤ པ་དེ་ཡང་ མཛད་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment