གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་གིས་ ནུབམོ་ཅིག་ནང་ བ་༤ བསད་ཡོདཔ།

༢༥/༡/༢༠༡༣   ༉ ཀྲོང་གསར་རྫོང་ཁག་ རྡོ་གཞོང་དགོན་པའི་ས་གནས་ནང་ གཅན་གཟན་སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་གནད་དོན་ཚུ་ བར་སྐབས་ཅིག་ མ་ཐོནམ་ཨིན་རུང་ ནུབ་སྦིས་རྒེད་འོག་ དགའ་གར་གཡུས་ཚན་ནང་ ད་རེས་ཁམས་ ནུབམོ་ཅིག་ནང་ གཡུས་མི་ཅིག་གི་ བ་༤ བསད་ཡོདཔ་ཨིན་པས།


ཨ་ལུ་༣ ཡོད་མི་ ཉམས་རྒུདཔ་ཆོས་གྲགས་ཀྱིས་སླབ་མིའི་ནང་ ཤི་རྐྱེན་བྱུང་མི་ བ་ཚུ་གི་གྲས་ལས་༢ ཨོམ་བཞོ་བའི་བསྒང་ཨིནམ་ད་ གཞན་མི་དེ་ བོའུ་ཅུང་ཨིན་ཟེར་སླབ་ཅི།
ཆོས་གྲགས་ཀྱིས་སླབ་མིའི་ནང་ ཁོ་གི་བཟང་ཚང་ཚུ་ འཚོ་བ་སྒོ་ནོར་གྱི་ཐོན་སྐྱེད་ ཨོམ་དང་ མར་ དེ་ལས་ དར་མཚིལ་ཚུ་ལུ་ བརྟེན་ཏེ་སྡོད་མི་ཅིག་ཨིནམ་ལས་ རྐྱེན་ངན་དེ་བྱུང་མི་ལུ་བརྟེན་ ཁོ་གི་གནས་ཚང་དང་ ཨའི་༢ ཉིན་གྲངས་དག་ཅིག་གི་རིང་ སྔུ་སྟེ་ར་སྡོད་ཅི་ཟེར་ཨིན་པས།
ཤི་རྐྱེན་བྱུང་མི་ནོར་ཚུ་ སྟག་གིས་བཟའ་ཚར་ཡོདཔ་ལས་ ལྷག་ལུས་ ཤ་ཀེ་ཇི་དག་པ་རེ་ལས་ མ་ཐོབ་ཟེར་ཨིནམ་ད་ རྐྱེན་ངན་དེ་ ཆོས་གྲགས་ཀྱི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་ཅིག་ དེ་ཅིག་ས་གནས་ཁར་ བྱུང་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྟག་དེ་གིས་ ནོར་སེམས་ཅན་ལུ་ གནོདཔ་བཀལ་ཐངས་ལུ་བལྟ་བ་ཅིན་ ཕྱུག་གུ་ཡང་ ཡོདཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
དགའ་གར་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་ བཤད་མིའི་ནང་ གཡུས་ཚན་དེ་ནང་སྟག་གིས་ དུས་རྒྱུན་དུ་ གནོདཔ་བཀལ་ཏེ་ཡོད་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ བ་༤  བསད་པའི་ཤུལ་ལུ་ གཡུས་མི་གཞན་ཅིག་གི་ གླང་ཅིག་ཡང་ བསད་ཡོདཔ་སྦེ་ སླབ་ཨིན་པས།
ཚོགས་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྟག་དེ་ གཡུས་ཚན་ནང་ར་ འཁྱམས་སྡོད་དོ་ཡོདཔ་ལས་ མི་ཚུ་ལུ་ཡང་ གནོདཔ་བཀལ་འོང་མནོ་བའི་ འཇིགས་སྣང་བྱུངམ་མས་ཟེར་ཨིནམ་ད་  གཡུས་ཚན་གྱི་ འཕྲུལ་གླང་བཏང་མི་ཚུ་གིས་ཡང་ སྡེ་ཚན་ནང་སྦེ་ འགྲོ་འགྲུལ་འབད་ནི་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་ཚོགས་པ་ དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་རའི་སྤྱི་འོག་ནང་ འདས་པའི་ཟླཝ་དག་པ་ཅིག་གི་ནང་ དེ་བཟུམ་མའི་ རྐྱེན་ངན་བྱུང་བའི་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།
དགའ་གར་ལུ་ དུས་ཅིག་ལོ་ནང་ར་ སྟག་གིས་ སྒོ་ནོར་སེམས་ཅན་༦ དེ་ཅིག་བསད་མི་དང་འཁྲིལ་ འབྲེལ་ཡོད་གླིང་ཁའི་ཡིག་ཚང་ཚུ་ནང་ སྙན་ཞུ་འབད་ཡོད་རུང་ ས་ཁོངས་ནང་ དབྱེ་ཞིབ་འབད་བར་ ག་ཡང་མ་འོང་ཟེར་བཤད་ཅི།
ནུབ་སྦིས་རྒཔོ་ བཀྲིས་དཔལ་ལྡན་གྱིས་ སླབ་མིའི་ནང་ ན་ཧིང་གི་ལོ་ནང་ཡང་ རི་དྭགས་སེམས་ཅན་དང་ མི་གི་བར་ནའི་ འབྲེལ་ཟིང་གྱི་གནད་དོན་ ཁག་དག་པ་ཅིག་ར་ ཐོན་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
ད་རེས་ནངས་པར་ བ་རེ་ལུ་ དངུལ་ཀྲམ་༡༥,༠༠༠ དེ་རེ་ གནས་དོ་ཡོདཔ་ཨིན་རུང་ རྐྱེན་ངན་ཚུ་བྱུང་བའི་སྐབས རྒུད་འཐུས་ བ་རེ་ལུ་ དངུལ་ཀྲམ་༢,༠༠༠ ལས་༤,༥༠༠ དེ་རེ་ལས་བརྒལ་ བྱིན་ནི་མེདཔ་ལས་ རེ་ཚེ་སྐབས་ མི་སེར་ཚུ་གིས་ རྐྱེན་ངན་ཚུ་གི་སྐོར་ལས་ སྙན་ཞུ་མ་འབད་བར་ བཞགཔ་མས་ཟེར་ཨིན་པས།
རྒཔོ་གིས་སླབ་མི་དང་འཁྲིལཝ་ད་ ནགས་ཚལ་གྱི་ཁ་ཐུག་ལས་ མ་དངུལ་གྱི་གསོན་སྦེ་ དངུལ་ཀྲམ་འབུམ་༢ དངུལ་ཁང་ནང་ བཙུགས་བྱིན་ཡོདཔ་ད་ དེ་ལུ་བརྟེན་ ལོ་བསྟར་བཞིན་དུ་ཐོབ་མི་ བསྐྱེད་དངུལ་ཀྲམ་༡༨,༠༠༠ རེ་འབད་མི་ཚུ་རྐྱངམ་གཅིག་ རྒུད་འཐུས་སྤྲོད་ནིའི་དོན་ལུ་ ལག་ལེན་འཐབ་དགོ་པས་ཟེར་ཨིན་པས།
དེ་དང་འཁྲིལ་ རྒུད་འཐུས་ཀྱི་མ་དངུལ་ཚུ་ ཚུལ་མཐུན་བཟོ་དགོཔ་ ཁག་ཆེ་བས་ཟེར་ ཁོ་གིས་སླབ་ཅི།
འཛམ་གླི་རི་དྭགས་སྲུང་སྐྱོབས་མ་དངུལ་ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་པ་ མི་ཏ་ར་ ཤར་མ་གིས་འབད་བ་ཅིན་ ན་ཧིང་གི་ལོ་ནང་ ནུབ་སྦིས་རྒེད་འོག་དང་ གཡུས་མི་ཚུ་གིས་ མཁོ་འདོད་བཀོད་མི་དང་འཁྲིལ་ ས་ཁོངས་ཀྱི་ ས་གནས་ཁག་ཚུ་ནང་ གསང་བའི་པར་བཏབ་འཕྲུལ་ཆས་ཚུ་ བཙུགས་ཡོདཔ་བཞིན་དུ་ ས་གནས་ནང་ སེམས་ཅན་སྟག་དང་ གཟིག་ དེ་ལས་ གཞན་མི་གཅན་གཟན་གྱི་རིགས་ཚུ་ ཡོདཔ་མཐོང་ཡོདཔ་ལས་ ད་རེས་ གནོད་སྐྱོན་རྐྱབ་མི་དེ་ སྟག་ར་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
བཀྲིས་དཔལ་ལྡན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དེ་བཟུམ་མའི་ གཅན་གཟན་གྱི་གནོད་སྐྱོན་ཚུ་ ནགས་ཚལ་ནང་ལས་ཕར་ བྱུང་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གཡུས་སྒོའི་ཉེ་འདབས་ལས་ཕར་ཡང་ བྱུངམ་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment