གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ལས་ཐོན་སྐྱེད་འབད་མི་ ས་སྤག་ཅུ་གི་ལག་ལེན་ལུ་ ཤུགས་བཏོན་དགོཔ།

༢༡/༡/༢༠༡༣   ༉ ན་ཧིང་ ལོ་ཕྱེད་དེ་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཁབ་ནང་ ནང་འདྲེན་འབད་མི་ ས་སྤག་ཅུ་དམརཔོ་ཚུ་ གཞུང་གིས་ བཟོ་སྐྲུན་ལས་སྣ་ཚུ་གི་དོན་ལུ་ ལག་ལེན་འཐབ་མ་ཆོག་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་པའི་ མཐོང་གསལ་བྱུངམ་ཨིན་པས།


རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཐབས་དང་ ནང་འཁོད་ཀྱི་ ཚོང་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གསལ་བསྒྲགས་དེ་ཡང་ ལྷན་ཁག་ག་ར་ལུ་ བཏང་ཡི་ཟེར་ ཞབས་ཏོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ད་རེས་ཁམས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་འཚོགས་མི་ ཁག་འབགཔ་གི་ ཞལ་འཛོམས་སྐབས་ སླབ་ཨིན་པས།
ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ དྲགོས་ཌོག་ཊར་ བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ གཞུང་གི་ལས་འགུལ་ དམིགས་བསལ་དུ་ སྨན་ཁང་དང་ ལྷ་ཁང་ དེ་ལས་ སློབ་གྲྭ་བཟོ་སྐྲུན་འབདཝ་ད་ ནང་འཁོད་ཀྱི་ འདམ་གྱིས་བཟོ་བཀོད་འབད་མི་ ས་སྤག་ཅུ་དང་ རྩི་སའི་པག་ཅུ་ཚུ་ར་ ལག་ལེན་འཐབ་དགོ་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ཀྱི་ ས་མཚམས་ས་ཁོངས་ཚུ་ནང་ ས་སྤག་ཅུ་དམརཔོ་ཚུ་ ཐོན་སྐྱེད་འབད་མི་ལུ་བརྟེན་ རྒྱལ་ཁབ་༢ ཆ་རའི་ རང་བཞིན་གནས་སྟངས་ལུ་ གནོདཔ་མས་ཟེར་ཨིན་པས།
ནང་འཁོད་ཀྱི་ རང་བཞིན་གནབས་སྟངས་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ ས་སྤག་ཅུ་དམརཔོ་ཚུ་ ཐོན་སྐྱེད་འབད་བའི་སྐབས་ མེ་འཕུ་སྟེ་ དུས་ཡུན་རིངམོ་སྦེ་ར་ མེ་གཏང་དགོཔ་ལས་ བཙོག་རླུང་དང་ལྡན་པའི་ དུ་པ་ལེ་ཤ་ཐོན་དོ་ཡོདཔ་མ་ཚད་ ས་སྤག་ཅུ་དམརཔོ་ཚུ་ ལག་ལེན་འཐབ་སྟེ་ བཟོ་བཀོད་འབད་བའི་སྐབས་ སྤག་ཅུ་ཚུ་ ལེ་ཤ་ཅིག་ར་ མཐུད་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ཨིན་རུང་ སྤག་ཅུ་དམརཔོ་ཚུ་གི་ གོང་ཚད་ཚུ་ ཡར་སེང་འགྱོ་བའི་བསྒང་ར་ ཡོདཔ་ཨིན་པས།
དྲགོས་ཌོག་ཊར་ བསོད་ནམས་བསྟན་འཛིན་གྱིས་ བཤད་མིའི་ནང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཅ་ཆས་ ལག་ལེན་འཐབ་མི་དེ་གིས་ བཟོ་སྐྲུན་གྱི་ཟད་འགྲོ་ མར་ཕབ་རྐྱབ་ཚུགས་པའི་ཁར་ རང་བཞིན་གནས་སྟངས་ལུ་ གནོད་པ་ཉུངམ་མ་ཚད་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ བཟོ་ཚུགས་ཟེར་ཨིན་པས།
མ་གཞི་ རྒྱལ་ཁབ་ཀྱི་ གོང་འཕེལ་དོན་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ལུ་བརྟེན་པའི་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ཚུ་ལུ་ ལྟ་དགོཔ་ཁག་ཆེ་ཟེར་ དྲུང་ཆེན་གྱིས་ སླབ་ཨིན་པས།
ཞབས་ཏོག་ལྷན་ཁག་འོག་གི་ བཟོ་རིག་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ རིན་ཆེན་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ ལག་ལེན་འཐབ་མི་ སྤག་ཅུ་དམརཔོ་ཚུ་ ཕུད་རྡོག་རེ་ལུ་ རིན་གོང་དངུལ་ཀྲམ་༥ རེ་སྦེ་ རྒྱ་གར་ལས་ ནང་འདྲེན་འབདཝ་ཨིན་ཟེར་ཨིན་པས།
མ་གཞི་ རྒྱལ་ཁབ་ནང་འཁོད་ནང་ལས་ ཐོན་སྐྱེད་འབད་མི་ རྩི་ས་དང་ འདམ་གྱི་བཟོ་མི་ སྤག་ཅུ་རེ་ལུ་ དངུལ་ཀྲམ་༧ རེ་འབདཝ་ད་ དུམ་གྲ་ཅིག་ ནང་འདྲེན་འབད་མི་ཚུ་ ཁེ་ནི་ཨིན་རུང་ སྤུས་ཚད་ཀྱི་ཐད་ཁར་ ནང་འཁོད་ཀྱི་ ས་སྤག་ཅུ་ཚུ་བཟུམ་སྦེ་ མེད་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ དང་ཕྱདཔ་ད་༢༠༡༡ ལུ་ བཟོ་སྐྲུན་གྱི་དོན་ལས་ དམིགས་བསལ་དུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་མི་ ཟད་འགྲོ་ཚུ་ དངུལ་ཀྲམ་དུང་ཕྱུར་༢.༢ ཀྱིས་ ཡར་སེང་སོང་ཡོད་ཨིན་པས།
མེ་བཏང་སྟེ་བཟོ་མི་ ས་སྤག་ཅུ་ཚུ་གིས་ ཨིསི་ཀོ་ཡར་སེན་ཊི་མི་ཊར་རེ་ལུ་ ལྗིད་ཚད་ཀེ་ཇི་༢༦ དང་༨༠ རེ་ འབག་ཐེགཔ་ཨིན་རུང་ རྩི་ས་གིས་ བཟོ་བཀོད་འབད་མི་ ནང་འཁོད་ཀྱི་ ས་སྤག་ཅུ་ཚུ་གིས་ ལྗིད་ཚད་ཀེ་ཇི་༡༠༠ དང་༡༢༠ རེ་ འབག་ཐེགཔ་ཨིན་པས།
དེ་བཟུམ་སྦེ་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནིའི་དོན་ལུ་ ཁག་འབག་གནས་གོང་ དངུལ་ཀྲམ་ས་ཡ་༡.༥ རེ་འབད་མི་ཚུ་ དང་འདོད་ཅན་གྱི་ ན་གཞོན་ཚུ་ལུ་ སྤྲོད་དགོཔ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ བཀའ་རྒྱ་བཏོན་ཡོདཔ་ཨིན་རུང་ ཤུལ་ལས་ དངུལ་ཀྲམ་ས་ཡ་༥ ལུ་ ཡར་སེང་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment