གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེན་པ་མེད་པའི་ བརྡ་སྐད་རྐྱབ་མི་ལུ་བརྟེན་ མི་ཚུ་རྣམ་རྟོག་ལང་བཅུག་ཡོདཔ།

༢༤/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ དྲོ་པའི་ཆུ་ཚོད་༧:༡༥ དེ་ཅིག་ཁར་ སྤུ་ན་གཙང་ཆུའི་མཐའམ་བདའ་སྟེ་ སྡོད་མི་ཚུ་ ཧང་སྟོང་མར་ ལོང་དགོཔ་ཐོན་ཡོདཔ་མ་ཚད་ ལ་ལུ་ཅིག་ རྣམ་རྟོག་ལང་སྟེ་ ཁྱིམ་ནང་ལས་ ཐོན་འགྱོ་དགོཔ་ཐོན་མི་དེ་ ལུང་གཤོང་ནང་ གཞན་དང་མ་འདྲ་བའི་བརྡ་སྐད་ རྐྱབ་མི་ལུ་བརྟེན་ཏེ་ཨིན་པས།
སྤུ་ན་གཙང་ཆུའི་མཐའམ་བདའ་སྟེ་ གཞི་བཙུགས་འབད་མི་ ཆུ་རུད་ཀྱི་ ཉེན་བརྡའི་འཕྲུལ་ཆས།


སྐད་དེ་ཡང་ ཆུ་རུད་ཐོན་པའི་སྐབས་ གཙང་ཆུའི་མཐའ་མར་སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ནིའི་དོན་ལས་ ཉེན་བརྡའི་ཀཝ་ཚུ་ལས་རྐྱབ་ཡོདཔ་ཨིན་རུང་ དེ་བསྒང་ ཆུ་རུད་མ་ཐོནམ་ལས་ བདེན་མིན་གྱི་ ཉེན་བརྡ་འབདཝ་རྐྱངམ་གཅིག་ཨིན་པས།
ཉེན་བརྡའི་སྐད་རྐྱབ་མི་དེ་ ལུང་ནག་ནང་ སྤང་ཞ་ཆུ་ལུ་ཡོད་པའི་ ཉེན་བརྡ་འཕྲུལ་ཆས་ཀྱིས་ ཆུའི་རྒྱ་ཚད་སྦོམ་འགྱོ་བའི་ བརྡ་སྟོན་པའི་སྙན་ཞུ་དབང་འདུས་ བ་འཇོ་ཁྲོམ་ལུ་ཡོད་པའི་ ཆུ་དང་གནམ་གཤིས་བརྟག་དཔྱད་ཡིག་ཚང་ནང་ འཕྲུལ་སྐར་གྱིས་ཐོག་ལས་ ཉེན་བརྡ་འབདཝ་ལས་བརྟེན་ ཡིག་ཚང་ནང་ལཱ་འབད་མི་ཚུ་གིས་ ཆུ་རུད་ཐོན་པའི་དོགས་ལུ་བརྟེན་ ཉེན་བརྡ་འབད་ཚར་བའི་ཤུལ་ལས་ ཆུ་རུད་མེདཔ་ཤེས་ཏེ་ ཉེན་བརྡ་འབད་འཕྲོ་ལས་ བཞག་ཡོདཔ་ཨིན་པས།
ཆུ་དང་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱི་ ཆུ་རིག་མཁས་མཆོག་གཙོ་འཛིན་ ཀརྨ་གྲུབ་ཆུ་གིས་འབད་བ་ཅིན་ སྤང་ཞ་ལུ་ཡོད་པའི་ ཉེན་བརྡའི་འཕྲུལ་ཆས་དེ་ ཁྱེགས་ལུ་བརྟེན་ སྐད་རྐྱབ་ནུག་ཟེར་ཨིནམ་ད་ དེ་བཟུམ་གྱི་གནས་སྟངས་དེ་ གནམ་གཤིས་གནས་ཚད་ མར་འབབ་འགྱོ་བའི་སྐབས་ སྐད་རྐྱབ་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ ས་གནས་དེ་ནང་ཡོད་པའི་ འཕྲུལ་ཆས་ཀྱི་སྐད་རྐྱབ་སྟེ་ ཉེན་བརྡ་འབད་རུང་ སྙན་ཞུ་དེ་ བ་འཇོ་ཁྲོམ་རྙིངམ་ལུ་ཡོད་པའི་ཡིག་ཚང་གིས་ བརྟད་དཔྱད་འབད་དེ་རྐྱངམ་གཅིག་ ཉེན་བརྡའི་ཀཝ་གི་ཐོག་ལས་ བརྡ་བསྐུལ་འབད་ནི་ཨིན་རུང་ དེ་ཚུའི་སྐོར་ལས་དབྱེ་ཞིབ་ལེགས་ཤོམ་སྦེ་མ་འབད་བར་ ཉེན་བརྡ་འབད་ཡོདཔ་ཨིན་པས།
ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ ཡིག་ཚང་ནང་སྡོད་མི་ཚུ་གིས་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་དགོ་ནི་གལ་ཆེ་རུང་ ད་རེས་ཀྱི་ཐད་ལུ་ལྷོདཔ་ད་ འཐུས་ཤོར་སོ་ནུག་ཟེར་ཨིན་རུང་ ལོགས་ཅིག་ལས་ལྟ་བ་ཅིན་ དེ་བཟུམ་གྱི་ བདེན་མིན་ཉེན་བརྡ་ལུ་ སྤུ་ན་གཙང་ཆུའི་ མཐའ་མར་ཡོད་མི་ ཉེན་བརྡའི་ཀཝ་༡༤ དེ་ཅིག་ ལཱ་འབད་བཏུབ་ཨིནམ་ཤེས་ཅིག་ཟེར་ཨིནམ་ད་ ཀཝ་ཚུ་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབདཝ་ལས་ཚུར་ འཕྲལ་འཕྲལ་མ་གཏོགས་སྐད་རྐྱབ་བཅུག་ནི་མེདཔ་ཨིན་པས།
ཉེན་བརྡའི་སྐད་ ལན་ཐེངས་༣ རྐྱབ་པའི་སྐབས་ ལ་ལུ་ཅིག་ རྣམ་རྟོག་ལང་རུང་ མང་ཤོས་ཅིག་གིས་ སྣང་དག་མེད་པར་སྡོད་མི་ཡང་ཡོདཔ་ད་ དེ་ཡང་ ཁོང་གི་སྣང་བ་ལུ་ སྐད་དེ་ ཁྲིམས་སྲུང་འགག་པའི་ མེ་བསད་སྣུམ་འཁོར་གྱི་ སྐད་འོང་ནི་མས་ཟེར་མནོ་སྟེ་ཁྱིམ་ནང་ལས་ར་ མ་ཐོནམ་ཨིན་པས།
མང་ཤོས་ཅིག་གིས་ སླབ་མིའི་ནང་ ཆུ་རུད་ཀྱི་ ཉེན་བརྡའི་སྐད་དང་ ཁྲིམས་སྲུང་འགག་པའི་ མེ་བསད་འཕྲུལ་ཆས་ དེ་ལས་ ནདཔ་བསྐྱལ་ལེན་འབད་མི་ སྣུམ་འཁོར་ཨེམ་བུ་ལེནསི་གི་སྐད་ཚུ་ ཆ་འདྲཝ་སྦེ་ཡོདཔ་ལས་ དབྱེ་བ་ཕྱེ་མི་ཚུགས་པས་ཟེར་ཨིནམ་ད་ སྐད་ཤེས་ཚུགས་ནིའི་དོན་ལུ་ ཆུ་རུད་ཀྱི་ ཉེན་བརྡའི་འཕྲུལ་ཆས་ཀྱི་སྐད་དེ་ སོ་སོར་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
སྐད་ལུ་ སྣང་དག་མ་བསྐྱེད་པའི་ རྒྱུ་ཚན་གཞན་ཡང་ མང་ཤོས་ཅིག་གི་སེམས་ཁར་ གནམ་དགུན་གྱི་དུས་ཚོད་ལུ་ ཆུ་རུད་མི་འཐོན་ནི་ཨིནམ་ ཤེས་ནི་དེ་གིས་ཨིནམ་ད་ དེའི་གྲས་ལས་ སྤུ་ན་གཙང་ཆུ་ལས་འགུལ་ནང་ལཱ་འབད་མི་ བདེ་ཆེན་གྱིས་ སླབ་མིའི་ནང་ མོ་གིས་ ཆུ་རུད་ཀྱི་ ཉེན་བརྡའི་འཕྲུལ་ཆས་ཀྱི་ སྐད་ཨིནམ་ཤེས་རུང་ ཆུ་རུད་མི་འཐོན་ནི་ཨིནམ་ཤེས་ཏེ་ ཕྱི་ཁར་ར་ མ་འཐོན་ཟེར་ཨིན་པས།
ཉེན་བརྡ་དེ་ གལ་སྲིད་ མཚོ་རྦད་འོང་པ་ཅིན་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་ཡོད་མི་ཚུ་ལུ་ བརྡ་བསྐུལ་འཕྲུལ་ཆས་ཚུ་གི་ཐོག་ལས་ ཉེན་བརྡ་འབད་ནི་ཨིནམ་ད་ དེ་ཡང་ འཕྲུལ་ཆས་ཚུ་ གློག་མེའི་ཀཝ་བཟུམ་ཡོད་མི་དེ་གིས་ སྐད་རྐྱབ་ནི་ཨིནམ་ད་ དེ་བསྒང་ སྤུ་ན་གཙང་ཆུའི་མཐའ་མར་སྡོད་མི་ཚུ་གིས་ ཉེན་ཁ་མེད་པའི་ས་ཁོངས་ཚུ་ནང་ འགྱོ་དགོ་ནི་ཨིན་པས།
ཉེན་བརྡ་དེ་ ལུ་ནག་ནང་ ཐོ་ཐོར་མི་ཁྱེགས་མཚོའི་ ཉེ་འདབས་ལུ་ཡོད་མི་ འཕྲུལ་ཆས་ཀཝ་༣ གྱི་ཐོག་ལས་ འབད་ནི་ཨིནམ་ད་ དེ་བསྒང་ ཉེན་ཁ་ཡོད་པའི་ས་ཁོངས་ནང་སྡོད་མི་ཚུ་ལུ་ འཕྲུལ་ཆས་ཀྱི་ཀཝ་༡༤ གཞི་བཙུགས་འབད་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༡ གི་རིང་ སྐད་རྐྱབ་པའི་སྐབས་ མི་ཚུ་ ཉེན་ཁ་མེད་པའི་ས་ཁོངས་ཚུ་ནང་ བྱོག་འགྱོ་དགོཔ་ཨིན་པས།
སྐད་རྐྱབ་མི་འཕྲུལ་ཆས་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ རྐ་མེད་ཆུའི་ས་ཁོངས་ཚུ་ནང་ཡང་ བཙུགས་ཡོདཔ་ད་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ འགྲེམས་སྟོན་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་ལས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཡི།
ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༩༤ ལུ་ ཆུ་རུད་ཐོན་པའི་སྐབས་ ལུང་ནག་ནང་ལས་ སྤུ་ན་ཁར་ ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༧ དེ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་གནས་སྐབས་ནང་འབད་བ་ཅིན་ ཆུ་ཚོད་༤ དེ་ཅིག་ལུ་ ལྷོད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ཨིན་རུང་ དེམ་ཅིག་གི་བར་ན་ ཉེན་ཁ་ཡོད་པའི་ས་ཁོངས་ནང་སྡོད་མི་ཚུ་གིས་ ཉེན་སྲུང་གི་དོན་ལུ་ ས་གནས་གཞན་ཁར་ བྲོས་ཟུར་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment