གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་ སློབ་ཕྲུག་བུཚ་ཅིག་ ཤིང་གུ་ལས་མར་དཔྱངས་ཏེ་ ཤི་ཡོདཔ།

༢༣/༡/༢༠༡༣   ༉ གསར་སྤང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ སྐྱེས་ལོ་༢༡ ལང་མི་བུཚ་ཅིག་ སྤྱི་ལོ་༢༠༡༢ ཟླ་༡༠ པའི་ཚེས་༢༢ ལུ་ བྱང་སྟོར་ཤོར་ཏེ་ ཟླཝ་༣ གྱི་རྒྱབ་ལས་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ བྱང་འདུས་མཁར་ཀའི་ ནགས་ཚལ་ནང་ ཤིང་གུ་ལས་མར་དཔྱངས་ཏེ་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།


རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཚེ་འདས་བུཚ་དེ་ འཇིགས་མེད་ཆོས་གླིང་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༤ འགོར་སའི་ བྱང་འདུས་མཁར་ཀའི་ ནགས་ཚལ་ནང་ མཐོ་ཚད་ཕིཊ་༡༢ དེ་ཅིག་འབད་མི་ ཤིང་ཅིག་གི་ གུ་ལས་མར་དཔྱངས་ཏེ་ རང་སྲོག་བཅད་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ ནོར་འཚོ་སྡོད་མི་ ཨམ་སྲུ་ཅིག་གིས་ སྤྱི་ཟླ་༡ པའི་ཚེས་༡༩ རེས་གཟའ་ཉི་མ་ལུ་མཐོང་སྟེ་ གཡུས་ཁའི་མི་ཚུ་ལུ་ བརྡ་སླབ་པའི་ཤུལ་ལས་ གཡུས་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚེ་འདས་ཀྱི་ཕུངམ་དེ་ ཁོ་རའི་ གོ་ལ་དང་ སོ་ལུ་ལྟ་ཏེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ད་རེས་ ལྗིད་ཚད་འཇལ་ལྟཝ་ད་ ཀེ་ཇི་༡༥ ལས་ མི་ཐོན་དོ་ཡོདཔ་ད་ ཧེ་མ་ ལྗིད་ཚད་ཀེ་ཇི་༥༠ སྦེ་ སྡོད་ནུག་ཟེར་ཨིན་པས།
ཚེ་འདས་བུཚ་དེ་ལུ་ མི་ངན་ཚུ་གིས་ གནོད་བཀལ་དང་ བརྡུང་རྫོབ་འབད་བའི་ རྟགས་མཚན་ཚུ་ ག་ནི་ཡང་ མེད་མི་ལུ་བརྟེན་ རང་སྲོག་བཅད་ཡོད་པའི་ ངོས་འཛིན་འབད་ཡོདཔ་ད་ ཨིན་རུང་ གནད་དོན་ག་ཅི་ལུ་བརྟེན་ རང་སྲོག་བཅད་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཉམས་རྒུདཔ་བུཚ་དེ་ ཀྲོང་གསར་རྫོང་ཁག་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ ཁོ་ལུ་ བྱང་ཁོག་ནིའི་ ནད་གཞི་ཡོདཔ་ལས་ སྤྱི་ལོ་༢༠༡༢ ཟླ་༩ པའི་ནང་ སྨན་བཅོས་ཀྱི་དོན་ལུ་ ངལ་གསོ་སྦེ་ བཏང་ཡོདཔ་ད་ ཚེ་འདས་བུཚ་དེ་ སྤུན་ཆ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིན་པས།
ཚེ་འདས་ཀྱི་ ཨ་ཞང་གིས་ སླབ་མི་དང་འཁྲིལཝ་ད་ བུཚ་དེ་ སློབ་གྲྭ་ནང་སྡོད་རུང་ བྱ་སྤྱོད་ཚུ་ ཟབ་ཏོག་ཏོ་ཡོདཔ་མ་ཚད་ རིག་པ་ལེགས་ཤོམ་ཡོད་པའི་ཁར་ ཁོང་ར་ སྤུན་ཆ་ནང་འཁོད་ལུ་འབད་རུང་ འཆམ་ཏོག་ཏོ་སྦེ་ སྡོད་མི་ཅིག་ཨིན་ཟེར་ཨིན་པས།
གཡུས་སྒོའི་མི་ཚུ་གིས་འབད་བ་ཅིན་ ཚེ་འདས་བུཚ་དེ་ གནས་བདག་གཞི་བདག་ཚུ་གིས་ ཁྱིད་འགྱོ་འགྱོཝ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ཉམས་རྒུད་པའི་ ཨ་པ་དེ་ མཁལ་རྡོག་མེདཔ་ཐལ་མི་ཅིག་ཨིན་ཟེར་ སླབ་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment