གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚེམ་རིག་སྦྱོང་བརྡར་ལུ་བརྟེན་ ཚོང་འབྲེལ་ལེགས་ལམ་གྱི་རེ་འདུན།

༢༦/༡/༢༠༡༣   ༉ སྐྱེས་ལོ་༡༩ ལང་མི་ ཕུན་ཚོགས་དབང་མོ་དེ་ ཚེམ་རྐྱབ་མ་ཤེས་མི་ཅིག་འབད་རུང་ སྤྱི་ཟླ་༡ པའི་ཚེས་༢༣ ལུ་ མོ་གིས་ རིན་གོང་དངུལ་ཀྲམ་༧,༥༠༠ སྤྲོད་ཐོག་ལས་ སྒྲོལ་མ་ཚོང་ལས་ཁང་ནང་ལས་ འཕྲུལ་ཚེམ་ཅིག་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཚེམ་རིག་སྦྱང་བ་འབད་མི་ སྐྱེས་ལོ་༡༩ ལང་མི་ ཕུན་ཚོགས་དབང་མོ།


དེ་ཡང་ ད་རེས་ནངས་པ་ མོ་ར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡིག་ཚང་གི་ཁང་མིག་ཅིག་ནང་སྦེ་ ཚོགས་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོད་མི་ གོང་འཕེལ་ཅན་གྱི་ བཟོ་བཀོད་དང་ ཚེམ་རིག་གི་སྦྱོང་བརྡར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མོ་ར་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་སྐབས་ འཕྲུལ་ཚེམ་ལག་ལེན་ འཐབ་མ་ཤེས་པར་ ལཱ་ཁག་རྐྱབ་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཧ་ལམ་ལེགས་ཤོམ་སྦེ་ ལག་ལེན་འཐབ་ཤེས་དོ་ཡོདཔ་མ་ཚད་ རིག་གསར་གྱི་ བཟོ་བཀོད་ཐོག་གི་ ཅ་ཆས་ཡང་ ལེ་ཤ་ཅིག་ར་ བཙེམ་ཤེས་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལས་ཕར་ མོ་རའི་ཁྱིམ་ནང་ འཕྲུལ་ཚེམ་མཁོ་སྒྲུབ་འབད་ཡོདཔ་ལས་ ཁྱིམ་ནང་གི་ གོ་ལའི་བཟོ་བཀོད་འབད་བའི་ ཀྲེབ་ཀྲེམ་དང་ གསེར་དངུལ་གྱི་ ཅ་ཆས་ཚུ་བཙུགས་བཞག་སའི་ ཇོ་ལག་ཆུང་ཀུ་ དེ་ལས་ སོ་ཕ་སྡོད་ཁྲི་ཚུ་གུ་འཐིང་ནིའི་ གདན་ཤུབས་དང་ གདན་ཁེབས་ཚུ་བཙེམ་སྟེ་ ཚོང་འབྲེལ་འཐབ་ནི་ཨིན་ཟེར་ཨིན་པས།
ཤུལ་ལས་ ཐིམ་ཕུ་ལུ་ ལག་བཟོའི་ཚོང་ཁང་ཅིག་ཡང་ བཙུགས་ནིའི་རེ་བ་ ཡོདཔ་བཞིན་དུ་ གལ་སྲིད་ ཚོང་ཁང་བཙུགས་ཚུགས་པ་ཅིན་ ད་རེས་ མོ་ར་སྦྱོང་བརྡར་འབད་ཡོད་མིའི་ཅ་ཆས་ཚུ་ བཙེམས་ཐོག་ལས་ ཚོང་འབྲེལ་འཐབ་ནི་ཨིན་ཟེར་ཨིནམ་ད་ རང་གིས་ ལཱ་འདི་ར་ འབད་ཚུགས་པ་ཅིན་ རིག་གསར་གྱི་ ཅ་ཆས་ཚུ་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནི་མས་ཟེར་ ཕུན་ཚོགས་དབང་མོ་གིས་སླབ་ཅི།
ལག་བཟོ་ཚོང་ཁང་ གཞི་བཙུགས་འབད་མ་ཚུགས་ཚུན་ལུ་ མོ་གིས་ མོ་རའི་ཁྱིམ་ནང་སྦེ་ ཅ་ཆས་ཚུ་ བཟོ་བཀོད་འབད་ཐོག་ལས་ དང་འདོད་ཅན་ཚུ་ལུ་ བཙོང་ནིའི་རེ་བ་ ཡོད་ཟེར་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༣༢ འབད་མི་ རྟ་མགྲིན་རྒྱལ་མོ་གིས་ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་ཁར་ ལག་བཟོ་ཚོང་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ད་ལྟོ་ མོ་གིས་ཐོབ་མིའི་ ཤེས་ཡོན་དང་ རིག་རྩལ་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོང་ཁང་ནང་ རིག་གསར་གྱི་ བཟོ་བཀོད་ཅན་གྱི་ཅ་ཆས་ཚུ་ བཙོང་ནི་ཨིན་ཟེར་ཨིན་པས།
མོ་ལུ་ འཕྲུལ་ཚེམ་ལག་ལེན་འཐབ་ནིའི་ གཞི་རྟེན་ཤེས་ཡོན་ཚུ་ ཧེ་མ་ལས་ཡོདཔ་ལས་ སྦྱོང་བརྡར་གྱི་སྐབས་ དཀའ་ངལ་མི་བྱུང་པས་ཟེར་ཨིནམ་ད་ ད་ལས་ཕར་ མོ་གིས་ཡང་ འཕྲུལ་ཚེམ་ཅིག་ ཉོ་ཐོག་ལས་ མོ་རའི་ ཚོང་ཁང་ནང་སྦེ་ ལཱ་ཚུ་འབད་དེ་ ཚོང་འབྲེལ་འཐབ་ནི་ཨིན་ཟེར་ཨིན་པས།
རྟ་མགྲིན་རྒྱལ་མོ་དེ་ བཟོ་བཀོད་འབད་ནི་དང་ ཚེམ་རྐྱབ་ནིའི་ནང་ སྤྲོ་བ་སྦོམ་ཡོད་མི་དང་འཁྲིལ་ ད་རེས་ཀྱི་སྦྱོང་བརྡར་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཉིན་མའི་ཆུ་ཚོད་༣ ཚུན་ཨིན་རུང་ མོ་གིས་ ཕྱི་རུའི་ཆུ་ཚོད་༥ ཚུན་ ལྷབ་སྦྱང་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་༢༢ ཡོད་རུང་ འཕྲུལ་ཚེམ་༦ མ་གཏོགས་མེདཔ་ལས་ སྦྱང་བ་འབད་ནི་ལུ་ དཀའ་ངལ་དུམ་གྲ་རེ་ བྱུང་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ སྦྱོང་བརྡར་གྱི་སྐབས་ འཕྲུལ་ཚེམ་མ་ལང་མི་ལུ་བརྟེན་ བཅའ་མར་གཏོགགས་མི་ཚུ་ སྡེ་ཚན་སྦེ་བཟོ་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ འཕྲུལ་ཚེམ་ཚུ་ གླ་ཁར་ལེན་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་གི་དོན་ལུ་ མོང་སྒར་ལུ་སྦེ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ ན་གཞོན་༣༡ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ཡང་ ནེ་པཱལ་ལས་ སློབ་སྟོན་པ་ ཀ་མ་ལ་ཏམ་ར་ཀར་གྱིས་ བྱིན་དོ་ཡོདཔ་ད་ མོ་གིས་ འདས་པའི་ལོ་༢༠ འི་རིང་ ནེ་པཱལ་གྱི་ ལག་བཟོ་སྡེ་ཚན་ནང་ ལཱ་འབདད་ཡོདཔ་ཨིན་པས།
སློབ་སྟོན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ ད་ལྟོ་ཚུན་ལུ་ འཁྱོསམ་སྦེ་ བྱིན་ནི་དང་ ཁྱིམ་ནང་ མཁོ་གལ་ཆེ་བའི་ཅ་ཆས་ ཁག་༦ དེ་ཅིག་བཟོ་ནིའི་ སློབ་སྟོན་འབད་ཚར་ཡོདཔ་ད་ དེ་གི་སྐབས་ལུ་ རྒྱུ་དངོས་ཚུ་ཡང་ འབྲུག་པའི་ཐགས་རིགས་ཚུ་ ལག་ལེན་འཐབ་དོ་ཟེར་ ཨིན་པས།
ཀ་མ་ལ་གིས་ སླབ་མིའི་ནང་ མོ་གིས་ མོ་རའི་རྒྱལ་ཁབ་ནང་ བཟོ་བཀོད་ཚུ་ ལེ་ཤ་ཅིག་ར་འབད་ཡོདཔ་ཨིན་རུང་ ད་རེས་ འབྲུག་ལུ་ སློབ་སྟོན་འབད་མི་ཚུ་ འབྲུག་པའི་ལུགས་སྲོལ་དང་ རྒྱུ་དངོས་ཚུ་དང་འཁྲིལ་ བཟོ་བཀོད་གསརཔ་ཅིག་ ཨིན་ཟེར་ཨིན་པས།
མོ་གིས་ མོ་རའི་ཇོ་ལག་ གནགཔོ་ཅིག་ནང་ལས་ མོ་ར་གིས་བཟོ་བཀོད་འབད་བའི་ ཨམ་སྲུ་ཚུ་གི་ སྐྱ་བསྡམ་ནིའི་བསྡམ་ཐག་དང་ ལྡེ་མིག་དཔྱང་ནི་ དེ་ལས་ འབྲུག་པའི་གྱོན་ཆས་ཚུ་གྱོན་པའི་ ཨམ་སྲུ་དང་ ཕོ་སྐྱེས་ཀྱི་རྣམ་པ་ཚུ་ བཏོན་ཐོག་ལས་ སྤྱི་ཟླ་༡ པའི་ཚེས་༡༥ ལས་འགོ་བཙུགས་མི་ སྦྱོང་བརྡར་ལས་རིམ་ནང་ དེ་ཚུ་བཙེམས་ཐངས་ཀྱི་སྐོར་ལས་ སློབ་སྟོན་འབད་ཡི་ཟེར་ཨིན་པས།
ཀ་མ་ལ་གིས་ ད་རིས་ སྤྱི་ཟླ་དང་པའི་ཚེས་༢༦ ལུ་ མོང་སྒར་ལུ་ སློབ་སྟོན་འབད་བར་ འགྱོ་ནི་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ སྤྱིར་བཏང་འབྲེལ་གནད་སྡེ་ཚན་གྱི་འགོ་འཛིན་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ རྒྱལ་ཁབ་ནང་ ཚོང་འབྲེལ་ལམ་ལུགས་ ཡར་དྲག་གཏང་ནིའི་དོན་ལུ་ ཚོགས་སྡེ་གིས་ སྦྱོང་བརྡ་ཁག་མ་འདྲཝ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ནི་ཡོད་པའི་གྲས་ལས་ ཅིག་ཨིན་ཟེར་སླབ་ཨིན་པས།
ལས་རིམ་དེ་གི་དོན་ལུ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ འབྲུག་གོང་འཕེལ་དངུལ་ཁང་བརྒྱུད་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦.༢༥ བཏང་ཡོད་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment