གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོའི་ལུང་གཤོང་ནང་ གློག་བརྙན་བཟོ་སའི་ས་ཁོངས་ ངོས་འཛིན་འབད་ནི།

༢༩/༡/༢༠༡༣   ༉ རྒྱ་གར་རྒྱལ་ཁབ་ཀྱི་ གློག་བརྙན་བཟོ་སྐྲུན་འབད་མི་ཚུ་གིས་ འབྲུག་ལུ་ གློག་བརྙན་བཟོ་སའི་ ས་ཁོངས་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ སྤྲོ་བ་བསྐྱེདཔ་བཞིན་དུ་ ས་ཁོངས་དེ་ སྤ་རོ་ལུ་སྦེ་ ངོས་འཛིན་འབད་ནི་ཨིན་པས།
གློག་བརྙན་བཟོ་སའི་ས་ཁོངས་ཀྱི་ འོས་འབབ་ཡོད་མི་ སྤ་རོའི་ལུང་གཤོང་གི་མཐོང་སྣང་།


ལས་འགུལ་དེ་གི་དོན་ལུ་ ཉུང་ཤོས་ར་ ས་ཆ་ཨེ་ཀར་༡༠༠ དེ་ཅིག་ དགོ་ནི་ཨིན་མི་དང་འཁྲིལ་ ཧེ་མ་ཚར་ཅིག་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ སོ་ནམ་ལྷན་ཁག་དང་ གྲོས་བསྟུན་ཐོག་ལས་ བུམ་ཐང་ལུ་ ས་ཁོངས་༢ ངོས་འཛིན་འབད་ཡོདཔ་ཨིན་རུང་ བུམ་ཐང་རྫོང་ཁག་དེ་ རྒྱལ་ཁབ་ཀྱི་ ལམ་སྲོལ་ལྟེ་བ་འབད་ནི་དེ་གིས་ འོས་འབབ་མེདཔ་སྦེ་ སླབ་མི་དང་འཁྲིལ་ཏེ་ ཆ་མེད་བཏང་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ སླབ་མིའི་ནང་ སོ་ནམ་ལྷན་ཁག་གིས་ ངོས་ལེན་ལེགས་ཤོམ་འབད་བའི་ཁར་ བུམ་ཐང་ལས་ ས་ཁོངས་༢ ངོས་འཛིན་འབད་དེ་ ཁོང་ལུ་སྤྲོད་མི་ལས་༡ གདམ་ཁ་རྐྱབ་ཡོདཔ་ཨིན་རུང་ བརྒྱུད་འབྲེལ་ལྷན་ཁག་གིས་ བུམ་ཐང་གི་ ས་ཁོངས་སྐོར་ལས་ མནོ་བསམ་བཏང་དགོཔ་སྦེ་ སླབ་མི་དང་འཁྲིལ་ འཆར་གཞི་དེ་ སྤ་རོ་ལུ་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
ལས་འགུལ་དེ་གི་ གནས་གོང་དེ་ཡང་ དངུལ་ཀྲམ་དུང་ཕྱུར་༥༧༠ ཨིནམ་ད་ འབྲུག་གིས་ ས་ཆ་ངོས་འཛིན་འབད་ནི་མ་གཏོགས་ ཟད་འགྲོ་ཚུ་ རྒྱ་གར་གྱི་ ལས་སྡེ་ཚུ་གིས་ གཏང་ནི་ཨིན་པས།
ཨོ་རྒྱན་ཚེ་ཁྱབ་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལས་འགུལ་དེ་ གཞི་བཙུགས་འབད་ནི་ཨིན་མི་ལུ་ མི་སེར་ལ་ལུ་ཅིག་གིས་ བསམ་འཆར་འདྲ་མིན་སྣ་ཚོགས་ཚུ་ བཀོད་དོ་ཡོདཔ་ཨིན་རུང་ ཁོ་རའི་ སེམས་ལས་འབད་བ་ཅིན་ ལས་འགུལ་དེ་ ཕན་ཐོགས་ཅན་ཅིག་སྦེ་ར་ མཐོངམ་མས་ཟེར་ སླབ་ཨིན་པས།
དེ་མ་ཚད་ ད་རེས་ རྒྱལ་ཁབ་ནང་ རང་ལུགས་ཀྱི་ གློག་བརྙན་ཚུ་བཟོ་བའི་སྐབས་ གློག་བརྙན་ལྟ་མི་ཚུ་ གངམ་མི་འོང་དོ་ཡོདཔ་ལས་ གལ་སྲིད་ ལས་འགུལ་དེ་ གཞི་བཙུགས་འབད་ཚུགས་པ་ཅིན་ རང་ལུགས་ཀྱི་ གློག་བརྙན་བཟོ་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ཡང་ བྱིན་ཚུགས་ཟེར་ཨིན་པས།
ཨོ་རྒྱན་ཚེ་ཁྱབ་ཀྱིས་ ད་རེས་ཁམས་འཚོགས་མི་ འབྲུག་གློག་བརྙན་ཚོགས་སྡེའི་ ཡོངས་ཁྱབ་ཞལ་འཛོམས་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་ལུ་བརྟེན་ ལོ་ངོ་དང་པའི་ནང་ར་ འབྲུག་ལུ་ འོང་འབབ་དངུལ་ཀྲམ་དུང་ཕྱུར་༡༥ བཟོ་ཚུགས་ནི་མས་ཟེར་སླབ་ཅི།
དེ་བཟུམ་སྦེ་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་གིས་ ལས་འགུལ་དེ་ལུ་བརྟེན་ འབྲུག་ གློག་བརྙན་གྱི་ བཀོད་ཁྱབ་ཚུ་དང་ མེ་བཏེགས་མི་ དེ་ལས་ གཞན་ཡང་ ཁྱད་རིག་ལྡན་པའི་ ལས་བྱེདཔ་ཚུ་ བྱང་ནིའི་ཉེན་ཁ་ཡོད་པའི་སྐོར་ལས་ ཚ་གྱང་ཚུ་བཤད་ཡོདཔ་ཨིན་རུང་ དེ་བཟུམ་མའི་གནད་དོན་ཚུ་ འབྱུང་དགོཔ་མེད་ཟེར་ཨིན་པས།
མ་གཞི་ རྒྱ་གར་གྱི་ལས་སྡེ་ཚུ་གིས་ ལས་འགུལ་གྱི་དོན་ལུ་ས་ཆ་ཚུ་ ན་ཧིང་ སྤྱི་ཟླ་༡༢ པའི་ཧེ་མ་ལས་ གནང་བ་འཐོབ་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ཡོདཔ་ཨིན་རུང་ འབད་མ་ཚུགས་ཟེར་ཨིནམ་ད་ རྒྱ་གར་གྱི་ རྒྱལ་ཡོངས་གློག་བརྙན་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཤུལ་མམ་གྱི་ཟླཝ་ནང་ འབྲུག་ལུ་ ས་ཆ་བལྟ་བར་འོང་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་དོན་ལུ་ ས་ཆ་ཚུ་ཡང་ གཞུང་གིས་གནང་ནི་དང་ ཟད་འགྲོ་ཚུ་ རྒྱ་གར་གྱི་ ལས་སྡེ་ཚུ་གིས་ གཏང་ནི་ཨིནམ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་བའི་བསྒང་ལས་ ད་རེས་ཀྱི་ འབྲུག་པའི་གློག་བརྙན་ཚོགས་པའི་ འཐུས་མི་ཚུ་ ཇོ་བདག་བཟུམ་ཅིག་སྦེ་ སྡོད་འོང་ཟེར་ཨིན་པས།
ལས་འགུལ་དེ་ནང་ རྒྱ་གར་གྱི་གློག་བརྙན་ཚུ་ བཟོ་བའི་སྐབས་ ལག་ལེན་འཐབ་ནི་ཨིན་མི་ མཐོང་སྣང་གི་ས་ཁོངས་དང་ ཁོང་གི་རྒྱང་བསྒྲགས་ཁང་ གཞི་བཙུགས་འབད་སའི་ཁང་མིག་ཚུ་ བཟོ་བཀོད་འབད་ནི་དང་ ད་རེས་ རྒྱ་གར་གྱི་ ལས་སྡེ་ཚུ་གིས་ མའུ་རི་ཤི་ཡ་རྒྱལ་ཁབ་ནང་ཡང་ དེ་བཟུམ་མའི་ ས་ཁོངས་ཅིག་ འཚོལ་ཞིབ་འབད་དོ་ཡོདཔ་ལས་ གལ་སྲིད་ང་བཅས་ཀྱིས་ ཚ་ངེར་བཏོན་མ་ཚུགས་པ་ཅིན་ ཚོང་འབྲེལ་གྱི་ལས་འགུལ་དེ་ བྱང་ནིའི་ ཉེན་ཁ་སྦོམ་ར་ ཡོད་ཟེར་ཨིན་པས།
ཚོགས་སྡེའི་གཙོ་འཛིན་གྱིས་ སླབ་མིའི་ནང་ དེ་སྦེ་ སྤྲོ་བ་བསྐྱེད་མི་ རྒྱ་གར་གྱི་ གློག་བརྙན་ལས་སྡེ་ཚུ་གི་གྲས་ལས་ རྒྱ་གར་གྱི་ རྒྱལ་ཡོངས་གློག་བརྙན་གོང་འཕེལ་ལས་འཛིན་དང་ པུ་ནེ་ལུ་ཡོད་པའི་ གློག་བརྙན་སྤེལ་ཁང་ཚུ་ཨིན་ཟེར་ ཨིན་པས།
དེ་གི་དོན་ལུ་ འབྲུག་གིས་ མཐའ་དྭགས་ལས་འགུལ་སྙན་ཞུ་ཅིག་བཟོ་དགོཔ་སྦེ་ སླབ་མི་དང་འཁྲིལ་ སྙན་ཞུ་དེ་བཟོ་ནི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠ གནས་ནི་ཨིན་མི་ཚུ་ཡང་ གནས་སྐབས་ཅིག་གི་དོན་ལུ་ འབྲུག་གིས་གཏང་དགོཔ་ད་ ཤུལ་ལས་ ལས་སྡེ་ཁོང་ར་གིས་ ལོག་སྤྲོད་ནི་སྦེ་ ཁ་བཟེད་དེ་ ཡོད་ཟེར་ཨིན་པས།
ཨོ་རྒྱན་ཚེ་ཁྱབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ གྲ་སྒྲིག་འགྱོ་བའི་བསྒང་ཡོད་མི་ མཐའ་དྭགས་ལས་འགུལ་སྙན་ཞུའི་ནང་ གལ་སྲིད་ རྒྱལ་ཁབ་ནང་འཁོད་ཀྱི་ གློག་བརྙན་བཟོ་མི་ཚུ་གིས་ མཐོང་སྣང་གི་ས་ཁོངས་ཚུ་ ལག་ལེན་འཐབ་པའི་སྐབས་ གླ་འཐུས་མར་ཕབ་འབད་དེ་ བྱིན་དགོ་པའི་སྐོར་ལས་ མ་ཚུདཔ་ལས་ དེ་ཡང་བཙུགས་ཐོག་ལས་ བསྐྱར་བཟོ་འབད་དོ་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ འབྲུག་ལུ་ རྒྱ་གར་གྱི་ གློག་བརྙན་བཟོ་མི་ལུ་བརྟེན་ འབྲུག་པའི་གློག་བརྙན་གྱི་ཚོང་འབྲེལ་ལུ་ གནོད་པ་མི་འབྱུང་ག་མནོ་བའི་ ཚ་གྱང་ཡོད་ལུགས་ཀྱི་སྐོར་ལས་ སླབ་པའི་སྐབས་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ རྒྱ་གར་གྱི་གློག་བརྙན་ཚུ་ ཁོང་རའི་ ཁ་སྐད་ཐོག་ལས་ བཟོ་སྐྲུན་འབད་ནི་གིས་མ་ཚད་ འབྲུག་པའི་གློག་བརྙན་ཁང་ཚུ་ནང་ མི་བཏོན་ནི་ཨིནམ་ལས་ ལས་འགུལ་དེ་ལུ་བརྟེན་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་ལུ་ ཡོན་ཏན་དང་ གཡོག་གི་གོ་སྐབས་ཚུ་ ཐེབས་འཐོབ་ནི་མ་གཏོགས་ གནོད་སྐྱོན་འབྱུང་དགོཔ་ མེད་ཟེར་སླབ་ཅི།
འབྲུག་པའི་གློག་བརྙན་འཁྲབ་རྩེདཔ་ བཙན་སྐྱོགས་རྡོ་རྗེ་གིས་ ད་རེས་ཀྱི་གནས་སྟངས་ནང་ དམིགས་བསལ་དུ་ སྒྲའི་ཐད་ལུ་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་བྱུང་དོ་ཡོདཔ་ལས་ ལས་འགུལ་དེ་ལུ་བརྟེན་ དཀའ་ངལ་དེ་ཚུ་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་སླབ་ཅི།
ཨོ་རྒྱན་ཚེ་ཁྱབ་ཀྱིས་འབད་བ་ཅིན་ སྤ་རོ་ལུ་ སློབ་གྲྭ་དང་ བཟའ་ཁང་ཚུ་ཡང་ ཧེ་མ་ལས་ ལེགས་ཤོམ་སྦེ་ གཞི་ཚུད་ཚར་ཏེ་ཡོདཔ་ལས་ འོས་འབབ་སྦོམ་ཡོད་ཟེར་ཨིནམ་ད་ ད་རེས་ཀྱི་གཞུང་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ དགོངས་ཞུ་འབད་ནི་ཨིནམ་བཞིན་དུ་ དེ་གི་ཧེ་མ་ལས་ གནང་བ་ཚུ་ ལེན་ནི་ཨིན་ཟེར་ཨིནམ་ད་ ས་ཆ་ཚུ་ཡང་ གཏན་འཁེལ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ སོ་ནམ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ གནང་བའི་དོན་ལུ་ བཙུགས་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment