གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚར་བཟོའི་འགྲེམས་སྟོན་ལས་རིམ་གྱིས་ གཡུས་མི་ཚུ་ལུ་ཕན་ཁྱད་འབྱུང་ནི།

༣༡/༡/༢༠༡༣   ༉ སྐྱེས་ལོ་༧༦ ལང་མི་ ཁའུ་རྒྱས་ཀྱིས་ ལོ་ན་ཆུང་ཀུའི་བསྒང་ལས་ ཁོ་རའི་གཡུས་ཁར་ ནོར་འཚོ་སྟེ་ ནོར་རྫིཔ་ཆ་རོགས་ཚུ་དང་གཅིག་ཁར་སྡོདཔ་ད་ སྤ་ཚར་དང་ ཚར་བཟོ་གི་ལཱ་ནང་ སྤྲོ་བ་སྦོམ་ལེན་ཡོད་རུང་ གཡུས་ཚན་དེ་ནང་ ཚར་གྱི་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་མེདཔ་ལས་ ལོ་ངོ་བཅུ་ཕྲག་དག་པ་ཅིག་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།


ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ནགས་ཚལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ཨོ་རོང་རྒེད་འོག་ ཕི་ལུ་མ་གཡུས་ཚན་ནང་ ཚར་གྱི་ལཱ་འབད་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཨཔ་ཁའུ་རྒྱས་ཡང་ ལོག་སྟེ་ར་ སྤྲོ་བ་ལེན་དགོཔ་བྱུང་ཡོད་པའི་ཁར་ གཡུས་ཚན་ནང་ ཧེ་མ་ འཚོ་བའི་གནས་སྟངས་ཀྱི་ ཐོན་ཁུངས་ངོ་མ་ཅིག་ཨིན་མི་དེ་ལུ་ ལོག་སྟེ་ར་ ལག་ལེན་འཐབ་དགོ་པའི་ མངོན་གསལ་འབྱུང་དོ་ཡོདཔ་ཨིན་པས།
ཁའུ་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གིས་ གཡུས་ཚན་ནང་ མ་དངུལ་དུམ་གྲ་ཅིག་ འཐོབ་ཚུགས་པའི་ ཁེ་ཕན་ཡོད་པའི་ཁར་ ཚར་བཟོའི་ལཱ་ཚུ་ ད་རེས་ནངས་པའི་ བུ་རྒྱུད་ཚུ་ལུ་ ཁྱབ་སྤེལ་འབད་ཚུགས་པའི་ ཁེ་ཕན་སྦོམ་འདུག་ཟེར་ཨིནམ་ད་ གཡུས་དེ་ནང་གི་ ཕོ་སྐྱེས་ཚུ་གིས་ ཕྱི་ཁའི་ལཱ་ལུ་སྤྲོ་བ་ལེན་ཏེ་ དེ་བཟུམ་མའི་ལཱ་ནང་ དང་འདོད་མ་བསྐྱེད་ནི་དེ་གིས་ ཨིན་པས།
གྲོང་གསེབ་ དཔལ་འབྱོར་གོང་འཕེལ་ལས་རིམ་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ གྲོགས་རམ་ཐོག་ལས་ རྒེད་འོག་ནགས་ཚལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཨོ་རོང་རྒེད་འོག་གི་ ནགས་ཚལ་གླིང་སྐྱོང་འགོ་དཔོན་ ཚེ་རིང་ཆོས་གྲགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ མཐའ་ཟུར་ཅིག་འབད་བའི་ཁར་ གཞན་གཡུས་ཚན་དང་ཕྱདཔ་ད་ གོང་འཕེལ་སྦོམ་མ་སོངམ་ལས་ གཞན་གཡུས་ཚན་དང་འདྲ་མཉམ་སྦེ་ གོང་འཕེལ་བཟོ་ཐབས་ལུ་དམིགས་ཏེ་ གཞི་བཙུགས་ འབད་ཡི་ཟེར་བཤད་ཅི།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གནས་སྐབས་ཀྱི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ གཡུས་ཚན་དེ་ནང་ལས་ ཚར་གྱི་རིགས་མ་འདྲཝ་གསུམ་དང་ སྤག་ཤིང་གི་ཐོན་སྐྱེད་ཚུ་ ལེགས་ཤོམ་ཡོདཔ་ལས་ རབ་ཏུ་བྱུང་པ་ཅིན་ ཚར་བཟོ་ཚུ་ རྫོང་ཁག་གི་གནས་ཚད་ནང་ འགྲེམས་སྟོན་འབད་དེ་ དར་ཁྱབ་འབད་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ ད་ལྟོ་འཐག་མི་ཚར་བཟོ་ཚུ་ མོ་གོ་རོང་དང་ གཤེགས་པ་ཤིང་ལུ་ འགྲེམས་སྟོན་ཁང་གཞི་བཙུགས་འབད་ནིའི་ ལས་རིམ་ཡོད་མི་ནང་ འབྲེལ་གཏོགས་ འབད་དོན་ལུ་ཨིན་པས།
ནགས་ཚལ་གླིང་སྐྱོང་འགོ་དཔོན་གྱིས་ ཚར་བཟོའི་ལཱ་འབད་ནི་ལུ་ ཧེ་མ་ལས་ ཉམས་མྱོང་ཡོད་མི་ མི་༦ གིས་ དང་འདོད་ཡོད་མི་ མི་ངོ་༣༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་དོ་ཟེར་ཨིནམ་ད་ ཁོང་གིས་ ནགས་ཚལ་ནང་ལས་ ཚར་བཅད་ནི་གི་དོན་ལུ་ཡང་ ཆོག་ཐམ་ཚུ་ སྡེ་ཚན་ བཟོ་སྟེ་ཡོདཔ་ལས་ ལོགས་སུ་སྦེ་སྤྲོད་མ་དགོ་པར་ བྱ་སྟབས་བདེ་དྲག་ བཟོ་ཡི་ཟེར་ཨིན་པས།
ལས་རིམ་དེ་དང་འབྲེལ་ ནགས་ཚལ་ལས་ཁུངས་ཀྱིས་ རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ རང་སོ་གཡུས་སྒོའི་ས་མཚམས་བཟོ་ཡོདཔ་ལས་ ད་ལས་ཕར་ ས་མཚམས་ནང་འཁོད་ལས་རྐྱངམ་གཅིག་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ བསྡུ་བསྒྱོམ་འབད་ཆོགཔ་ བཟོ་ཡོད་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་སོང་ཡོདཔ་ཨིན་པས།
གཡུས་ཚན་གཞན་ཁའི་མི་ཚུ་གིས་ ཕི་ལུ་མ་གཡུས་ཚན་གྱི་ས་མཚམས་ནང་ཚུད་མི་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ བསྡུ་བསྒྱོམ་འབད་བའི་དཀའ་ངལ་ཚུ་ ཧེ་མ་ལས་ ཐོན་ཏེ་ཡོད་ནི་དེ་གིས་ཨིན་པས།
ནགས་གླིང་འགོ་དཔོན་གྱིས་ ད་ལྟོ་ གནས་སྐབས་ཅིག་ ནགས་ཚལ་ནང་ལས་ ཚར་གྱི་རིགས་ཚུ་ བསྡུ་ནིའི་ཆོག་ཐམ་རྐྱངམ་གཅིག་ བྱིན་ཡོད་རུང་ གཞན་རྫོང་ཁག་ཚུ་ནང་ ཚོང་འབྲེལ་འཐབ་ནི་གི་ འོས་འབབ་ཡོད་པ་ཅིན་ རྫོང་ཁག་ གཅིག་ལས་གཅིག་ནང་རྒྱུད་དེ་ ཚོང་འབྲེལ་འཐབ་ཆོག་པའི་ ཆོག་ཐམ་ཚུ་ཡང་ ཚོགས་པ་གི་མིང་ཐོག་ཁར་ ཐོབ་ཚུགས་ཟེར་ཨིན་པས།
ཕི་ལུ་མ་ལས་ ཉོ་སྒོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གིས་ དངུལ་གྱི་འོང་འབབ་ དུམ་གྲ་ཅིག་བཟོ་ཚུགས་ནི་ཨིནམ་ལས་ ད་རེས་ནངས་པ་ གཡུས་མི་ཚུ་གིས་ དང་འདོད་སྐྱེད་དེ་ ཚར་བཟོའི་ལཱ་ནང་ ཤུགས་བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
འགྲེམས་སྟོན་གྱི་དོན་ལུ་ གཡུས་ཚན་དེ་གིས་ ཚར་བཟོ་ལས་ཐོན་པའི་ བཟོ་རིགས་ཁག་༡༦ དེ་ཅིག་ འཐག་ནི་འགོ་བཙུགས་ཡོདཔ་ལས་ སྔར་སྲོལ་ལམ་ལུགས་དེ་ཡང་ ཉམས་པ་སོར་ཆུད་ འབད་ཚུགས་ནི་མས་ཟེར་ཨིན་པས།
གཡུས་ཚན་དེ་ནང་ སོ་ནམ་གྱི་ཁ་ཐུག་ལས་ ཚོད་བསྲེ་འཛུགས་སྐྱོང་འཐབ་ནིའི་ ལས་རིམ་འགོ་བཙུགས་མི་གིས་ རང་སོའི་ལྡུམ་ར་ནང་ལས་ ཚོད་བསྲེ་ཐོན་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ གསོ་བ་གིས་ གསང་སྤྱོད་བཟོ་ནིའི་ཅ་ཆས་ཚུ་ཡང་ བཀྲམ་སྤེལ་འབད་ཡོདཔ་ལས་ གཡུས་མི་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment