གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་༧ གང་མགྱོགས་འགོ་བཙུགས་ནི་གི་ གྲོས་འཆམ་བྱུང་ཡོདཔ།

༣༠/༡/༢༠༡༣   མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ ཉིན་གྲངས་༧ གྱི་རིང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་གནང་སྟེ་ ད་རིས་ རྒྱལ་ཁབ་ནང་ ལོག་ཕེབས་ནི།
༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཉིན་གྲངས་༧ གྱི་རིང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་གནང་པའི་སྐབས་ འབྲུག་དང་ རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་ འབྲུག་གཞུང་གི་ལོ་ལྔའི་འཆར་གཞི་༡༡ པའི་ འཆར་བཀོད་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊི་༡༠,༠༠༠ གི་ དམིགས་ཡུལ་འགྲུབ་ཐབས་ལུ་ ལྷག་ལུས་ གློག་མེ་ལས་འགུལ་༧ གང་མགྱོགས་སྦེ་ འགོ་བཙུགས་གནང་ནི་སྦེ་ གྲོས་འཆམ་བྱུང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱ་གར་གྱི་སྲིད་བློན་ ཌོག་ཊར་ མཱན་ མོ་ཧཱན་ སིང་།


ད་རུང་ རྒྱལ་ཁབ་གཉིས་ཀྱི་ དབུ་ཁྲིད་ཚུ་གིས་ རྒྱ་གཞུང་གི་ གྲོགས་རམ་ཐོག་ལུ་ ལག་ལེན་འཐབ་པའི་བསྒང་ཡོད་མི་ ལས་འགུལ་ཚུ་དང་ འཆར་གཞི་༡༠ པའི་ལས་རིམ་ དེ་ལས་ གློག་མེ་གོང་འཕེལ་དང་འབྲེལ་བའི་ ལས་དོན་ནང་ མཉམ་འབྲེལ་འབད་བཞིན་དུ་ཡོད་པའི་ གྲུབ་འབྲས་ཚུ་ལུ་ཡང་ བསྐྱར་ཞིབ་གནང་ཡི།
རྒྱ་གར་གཞུང་གིས་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ འབད་རྩོལ་དང་ ལྷག་པར་དུ་ སྤྱི་ལོ་༢༠༡༣ ཟླཝ་༧ པའི་ནང་ འགོ་བཙུགས་ནི་ཨིན་མི་ འཆར་གཞི་༡༡ པ་ལུ་ གྲོགས་རམ་འབད་ནི་གི་ ཁས་བླངས་ནན་བསྐྱར་ཕུལ་ཡི།
རྒྱ་གར་ལུ་ མཐར་འཁྱོལ་ཅན་སྦེ་ ཆིབས་བསྐྱོད་གནང་སྟེ་ ད་རིས་ རྒྱལ་ཁབ་ནང་ ལོག་བྱོན་གནང་ནི་ཨིན་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་སྲིད་བློན་ ཌོག་ཊར་མཱན་ མོ་ཧཱན་སིང་དང་གཅིག་ཁར་ ཆེ་མཐོའི་གནས་རིམ་གྱི་ གསུང་གྲོས་གནང་ཡོདཔ་བཞིན་དུ་ ད་རིས་དྲོ་པར་ གཞུང་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ དབུ་ཁྲིད་རྣམ་གཉིས་ཀྱིས་ ཟུང་ཕྱོགས་མཐུན་འབྲེལ་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ ཐུགས་འཆར་བརྗེ་སོར་གནང་ཡི་ཟེར་བཀོད་ནུག།
དབུ་ཁྲིད་ཚུ་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ གོ་བརྡ་ཚུ་ དམ་ཟབ་དང་ སྒྲིང་སྒྲིང་གནས་ཡོད་མི་ལུ་ ཐུགས་ངལ་རངས་ཡོད་ལུགས་ གསུངས་པའི་ཁར་ མིག་དཔེ་བཟང་པོའི་མཐུན་འབྲེལ་ཚུ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་སྦེ་ ཁས་ལེན་ཡང་བསྐྱར་གནང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དཔལ་འབྱོར་ལས་དོན་ནང་ མཐར་འཁྱོལ་དང་ ཕན་ཚུན་གཉིས་ཆ་ར་ལུ་ ཕན་ཁྱད་བྱུང་མི་ལུ་ རྒྱལ་ཁབ་གཉིས་ཆ་ར་གིས་ ངལ་རངས་ཡོད་ལུགས་ བཤད་པའི་ཁར་ ལྷག་པར་དུ་ མཉམ་འབྲེལ་རྩ་བརྟན་བཟོ་ནི་ལུ་ འཁོན་འཆམ་བྱུང་ཡི།
རྒྱ་གར་གཞུང་གིས་ འབྲུག་གི་སྤྱིར་བཏང་གོང་འཕེལ་ལུ་ གྲོགས་རམ་འབོར་ཆེ་ཏོག་ཏོ་སྦེ་ འབད་བཞིན་དུ་ཡོད་མི་ལུ་ འབྲུག་གཞུང་གི་ འཐུས་མི་ཚུ་གིས་ ངལ་རངས་དང་ བཀྲིན་དགའ་ཚོར་ཡོད་ལུགས་བཤད་ཅི།
མི་དབང་མཆོག་གི་ གཟིགས་སྐོར་སྐབས་ གྲུབ་འབྲས་སྦོམ་ཤོས་ར་ འབྲུག་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་སེལ་ནི་གི་ ལྷན་ཐབས་ལུ་ རྒྱ་གཞུང་ལས་ རུ་པི་དུང་ཕྱུར་༤ བསྐྱིན་འགྲུལ་གྱི་ གནང་བ་གྲུབ་མི་དེ་ཨིནམ་ད་ འབྲུག་གི་ཁ་ཐུག་ལས་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ བི་པི་ ཧ་རཱན་གཉིས་ཀྱིས་ དུས་ཡུན་ལོ་༥ གི་དོན་ལས་ལེན་མི་ བསྐྱིན་འགྲུལ་གྱི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་གི་དོན་ལུ་ སྐུ་མགྲོན་གཙོ་བོ་སྦེ་ གདན་འདྲེན་ཞུ་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ གཟིགས་སྐོར་གྱི་སྐབས་ལུ་ རྒྱ་གཞུང་གིས་ མི་དབང་རྒྱལ་བཙུན་རྣམ་གཉིས་དང་ འབྲུག་གི་འཐུས་མི་ཚུ་ལུ་ མགྲོན་སྐྱོང་མ་བཏུབ་བཏུབ་སྦེ་ འབད་མི་ལུ་ ཐུགས་ངལ་རངས་ཡོད་ལུགས་གསུང་གནང་ཡི།
སྤྱི་ཟླ་༡ པའི་ཚེས་༢༣ ལས་༣༠ ཚུན་ གཟིགས་སྐོར་གནངམ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྲིད་འཛིན་པར་ནཱབ་མུ་ཁར་ཇི་དང་ སྲིད་འཛིན་འོག་མ་ མོ་ཧ་མཱཌ་ ཨེཆ་ཨཱན་ས་རི་ སྲིད་བློན་ཌོག་ཊར་ མཱོན་མ་ ཧཱན་སིང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཨམ་སུསི་མ་ སུཝ་རཱཇི་ ཕྱི་འབྲེལ་བློན་པོ་ སཱལ་མཱན་ ཁུར་ཤིཌི་ དངུལ་རྩིས་བློན་པོ་ པི་ ཅི་དམ་བཱ་རམ་ ནང་སྲིད་བློན་པོ་ སུ་ཤིལ་ཀུ་མར་ ཤིན་ཌེ་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཤིབ་ཤང་ཀར་ མེ་ནཱོན་ དམག་སྤྱི་བི་ཀ་རམ་སིང་ དེ་ལས་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་གཞན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡི།
ད་རུང་ མི་དབང་མཆོག་གིས་ ཡུ་པི་ཨེ་གི་གཙོ་འཛིན་ སོ་ནི་ཡ་གཱན་དྷི་དང་ རྒྱ་གར་གྱི་ ནེ་ཤ་ནཱལ་ཀོང་གེ་རེསི་ཚོགས་པའི་ གཙོ་འཛིན་འོག་མ་ ར་ཧཱུལ་གཱན་དྷི་གཉིས་དང་ཡང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།

ནིའུ་ལྡི་ལི་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment