གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་དཀར་པོ་གསར་བཞེངས་ལས་འགུལ་ལུ་ཞིབ་དཔྱད།

༢༥/༡/༢༠༡༣   དེ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ མ་དངུལ་ཚུལ་མིན་ཐོག་སྤྱོད་ཡོད་པའི་ ཉོགས་བཤད་ཡོད་ནི་དེ་གིས་ཨིན་མས།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཧཱ་ལྷ་ཁང་དཀར་པོ་གསར་བཞེངས་ལས་འགུལ་གྱི་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ལུ་ ཞིབ་དཔྱད་འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ ཞིབ་དཔྱད་རྐྱབ་པའི་ གནས་སྟངས་ནང་ཨིན་ཟེར་ གནད་དོན་ཁ་གསལ་སྦེ་ སླབ་མ་བཏུབ།

ལྷ་ཁང་དཀར་པོ།


ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཞིབ་དཔྱད་རྐྱབ་པའི་སྐབས་ སྒྲུབ་བྱེད་ཚུ་ མེདཔ་གཏང་ནི་ལས་ སྲུང་ཐབས་ལུ་ ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ཅིག་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་རུང་ ཁོ་ལུ་ དྲི་དཔྱད་འབད་བའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།
ལྷ་ཁང་ལོག་གསར་བཞེངས་ཀྱི་ ལཱ་ཚུ་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་བཏང་ཚར་ཡོད་རུང་ ལཱ་གི་གྲུབ་འབྲས་གསལ་རིལ་རི་ཅིག་ ག་ནི་ཡང་ མཐོང་གསལ་མ་བྱུང་མི་དེ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ མ་དངུལ་ལོག་སྤྱོད་འབད་བའི་ དོགས་སྣང་ཡོདཔ་ལས་ ཞིབ་དཔྱད་འབད་གནང་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མིང་གསལ་སྟོན་མ་འབད་མི་ཅིག་གིས་ གློག་རིག་ཐོག་གི་ ཡིག་འཕྲིན་ནང་ ཉོགས་བཤད་བཀོད་ནུག་ཟེར་ཨིན་པས།
ལྷ་ཁང་གསར་བཞེངས་ལས་འགུལ་གྱི་ འཛིན་སྐྱོང་པ་ དབང་ཕྱུག་གིས་ སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ ཞིབ་དཔྱད་རྐྱབ་སྟེ་ གནད་ཁུངས་ག་ནི་ཡང་མ་བཤད་པར་ ཡིག་ཆ་ཚུ་ ཆ་མཉམ་ར་ འབག་ཡར་སོ་ཡི་ཟེར་ཨིན་པས།
མི་ལོ་༡༡༩ ལང་མི་དང་ ཧཱ་ལུང་ཕྱོགས་ཀྱི་ གནས་བདག་གཙོ་ཅན་ ཨཔ་ཁྱུང་བདུད་ཀྱི་ བཞུགས་གནས་ཁང་ཅིག་ཡང་ཨིན་མི་ ལྷ་ཁང་དཀར་པོ་དེ་ བཤིག་བཏང་ཐོག་ལས་ རྩ་བ་ལས་ ལོག་གསརཔ་བཞེངས་ནིའི་དོན་ལུ་ སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ནང་ ལཱ་འགོ་བཙུགས་ཡོདཔ་ད་ དེ་ཡང་ དང་པ་ར་ ལྷ་ཁང་གི་ཤག་སྐོར་ལུ་ཡོད་མི་ གྲྭ་ཤག་གཉིས་བརྡལ་བཏང་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
མ་དངུལ་ས་ཡ་༢༢.༥ ཐོག་ལུ་ འགོ་བཙུགས་མི་ ལོ་༣ གྱི་ལས་འགུལ་དེ་ སྤྱི་ལོ་༢༠༡༣ ཟླཝ་༡༡ པའི་ནང་ མཇུག་བསྡུ་དགོཔ་ད་ ལྷ་ཁང་གསར་བཞེངས་ཀྱི་ བཀའ་རྒྱ་དེ་ སྤྱི་ལོ་༢༠༠༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནང་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལས་༢༠༡༣ ཚུན་གྱི་དོན་ལུ་ མ་དངུལ་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༣༠ འཛིན་གྲོལ་འབད་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༢༤ ལྷགཔ་ཅིག་ ཟད་འགྲོ་བཏང་ཚར་ཡི་ཟེར་ཨིནམ་ད་ གྲྭ་ཤག་༢ ཀྱི་ཤིང་ཆས་ཀྱི་ལཱ་ཚུ་ མཇུག་བསྡུ་སྟེ་ གྲྭ་ཤག་ཅིག་གི་ འོག་ཐོག་བཀལ་ཚར་ཡོདཔ་མ་ཚད་ གཞན་མི་དེ་གི་ རྨང་གཞིའི་ལཱ་མཇུག་བསྡུ་ཡོདཔ་ཨིན་རུང་ ལྷ་ཁང་ངོ་མའི་ ལཱ་དེ་ འགོ་བཙུགས་མ་ཚུགས་པར་ཡོད་ཟེར་ སླབ་ཨིན་པས།
གྲྭ་ཤག་བཟོ་སྐྲུན་གྱི་དོན་ལུ་ ལཱ་འབད་མི་ རྡོ་བཟོ་བོ་༡༧ དང་ ཤིང་བཟོ་བོ་ཚུ་ཡོད་རུང་ གནམ་གཤིས་གནས་སྟངས་ རྩུབ་དྲགས་ཡོད་མི་ལུ་བརྟེན་ གནས་སྐབས་ཅིག་ ལཱ་མཚམས་འཇོག་ཐོག་ ལས་མི་ཚུ་ ངལ་གསོ་ནང་ བཏང་སྟེ་ཡོད་ཟེར་ དབང་ཕྱུག་གིས་ སླབ་ཨིན་པས།
ན་ཧིང་ ཧཱ་གི་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་ ཀུན་གསལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ལྷ་ཁང་གསར་བཞེངས་ཀྱི་ལཱ་ཚུ་ ཁག་འབགཔ་ཚུ་ལུ་ མ་སྤྲོད་པར་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་འཐབ་སྟེ་ འབདཝ་མ་ཚད་ ཁས་བླངས་ཐོག་ལས་ ལཱ་འབད་བར་ འོང་མི་ཚུ་ལུ་ཡང་ གླ་འཐུས་ཉིནམ་རེ་ལུ་ དངུལ་ཀྲམ་༡༠༠ རེ་སྤྲོད་དོ་ཟེར་སླབ་ཡོདཔ་ཨིན།
ལྷ་ཁང་དཀར་པོའི་ནང་ ཧཱ་ལུང་གཤོང་གི་ གནས་བདག་བཞུགས་ཡོདཔ་མ་ཚད་ ལྷ་ཁང་དེ་ རྫོང་གཞིས་བཟུམ་སྦེ་ ལག་ལེན་འཐབ་ནི་དེ་གིས་ སྦྱིས་དང་ དཀར་འཚོ་ དབུས་སུ་ ས་དམར་རྒེད་འོག་༤ གི་ ཁྱིམ་གུང་རེ་ལས་ ཞབས་ཏོག་ལས་མི་ཐོན་ཏེ་ ཉིན་གྲངས་༣༠ རེ་ འུར་ལཱ་རྒྱུག་ཅི་ཟེར་ དཀར་འཚོའི་མི་སེར་ཅིག་གིས་ སླབ་ཨིན་པས།
དེ་འབདཝ་ད་ ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ མ་དངུལ་ཚུལ་མིན་སྤྱོད་པའི་ དཀའ་ངལ་གཙོ་བོ་ར་ ལྷ་ཁང་གསར་བཞེངས་ཀྱི་ལཱ་ཚུ་ ཁག་འབགཔ་ལུ་ མ་སྤྲོད་པར་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་འཐབ་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
ལྷ་ཁང་དཀར་པོའི་ནང་ གྲྭ་ཚང་དེ་ སྤྱི་ལོ་༡༩༨༣ ལུ་ དགེ་སློང་ཞལ་གྲངས་༢༥ བཙུགས་ཐོག་ལས་ གཞི་བཙུགས་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༠༦ ལུ་ དགེ་སློང་ཞལ་གྲངས་༡༦༨ དང་ ལེགས་སྦྱར་བ་༢༥ ལུ་ ཡར་འཕར་སོང་ཡོདཔ་ལས་ ཁང་མིག་༡༡ ནང་ ཨེབ་ཐག་རྐྱབ་སྟེ་ སྡོད་དགོཔ་བྱུང་ཡོད་མི་ལུ་བརྟེན་ གྲྭ་ཤག་རྐྱབ་དགོ་པའི་ མཁོ་གལ་སྦོམ་བྱུང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment