གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཞེས་སྒོའི་འགྲེམས་སྟོན་ལས་རིམ་ཚུ་ ཕྱིར་བཏོན་འབད་ནི།

༢༤/༡/༢༠༡༤   ༉ ན་ཧིང་ཚུན་ ཐིམ་ཕུ་ལུ་སྡོད་མི་དང་ རྫོང་ཁག་ཚུ་ནང་ལས་འོང་མི་ཚུ་གིས་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་སོང་སྟེ་ བཞེས་སྒོའི་འགྲེམས་སྟོན་ཚུ་ནང་ལས་ བཞེས་སྒོ་འདྲ་མིན་སྣ་ཚོགས་ཚུ་ ཉོ་བཟའ་དོ་ཡོདཔ་ཨིན་རུང་ དུས་ཅི་ལས་ དེ་བཟུམ་མའི་གོ་སྐབས་ འཐོབ་མི་ཚུགས་ནི་ཨིན་པས།


དེ་ཡང་ ན་ཧིང་གི་ ལོ་མཇུག་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཚོང་འབྲེལ་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ལུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོ་པའི་སྐོར་ལས་ གསལ་བསྒྲགས་ཅིག་ འབད་མི་དང་འཁྲིལ་ཏེ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་རྒྱལ་ཁབ་ནང་ ལོ་རེ་ལུ་ འབྲུག་རྒྱལ་སྤྱིའི་ཚོང་འབྲེལ་འགྲེམས་སྟོན་དང་ བཞེས་སྒོའི་འགྲེམས་སྟོན་ལས་རིམ་ཚུ་རྩིས་ཏེ་ ཚོང་འབྲེལ་འགྲེམས་སྟོན་ལས་རིམ་ ཁག་༥ དེ་ཅིག་ འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན་རུང་ དུས་ཅི་ལས་ རྒྱལ་སྤྱིའི་ཚོང་འབྲེལ་ལས་རིམ་ཚུ་མ་གཏོགས་ བཞེས་སྒོའི་འགྲེམས་སྟོན་གྱི་རིགས་ཚུ་ འགོ་འདྲེན་མི་འཐབ་ཟེར་ཨིན་པས།
དེ་བཟུམ་སྦེ་ བཞེས་སྒོའི་འགྲེམས་སྟོན་ལས་རིམ་ འགོ་འདྲེན་འཐབ་ནི་ཚུ་ ཚོགས་སྡེའི་ལས་རིམ་ནང་ལས་ཡང་ ཕྱིར་བཏོན་བཏང་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འོང་འབབ་ཀྱི་དོན་ལུ་ དེ་བཟུམ་མའི་ འགྲེམས་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་རུང་ དུས་ཅི་ལས་ བཞེས་སྒོའི་ལས་རིམ་༢ ལས་འཆར་ནང་ལས་ ཕྱིར་བཏོན་འབད་མི་ལུ་བརྟེན་ ཚོགས་སྡེའི་འོང་འབབ་ཡོངས་སྡོམས་ལས་ བརྒྱ་ཆ་༢༠ དེ་ཅིག་ མར་འབབ་འགྱོ་འོང་ཟེར་ཨིན་པས།
ཨིན་རུང་ དེ་གི་ཚབ་ལུ་ འོང་འབབ་བཟོ་སའི་ཐབས་ལམ་གཞན་ཚུ་ འགོ་འདྲེན་འཐབ་ནི་གི་ མནོ་བསམ་བཏང་དོ་ཟེར་ ཕུརཔ་ཚེ་རིང་གིས་སླབ་ཅི།
ཚོགས་སྡེའི་འཐུས་མི་ཚུ་ལས་ འཐུས་མིའི་འཐུས་བསྡུ་ལེན་འབད་མི་གིས་ ཚོགས་སྡེའི་ཡིག་ཚང་ རྒྱུན་སྐྱོང་འབད་ནིའི་ཟད་འགྲོ་ཡང་ ལང་མི་ཚུགས་པས་ཟེར་ཨིན་པས།
འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམས་སྟོན་དང་ འགྲེམས་སྟོན་གཞན་ཚུ་གི་སྐབས་ བཅའ་མར་གཏོགས་མི་ ཕྱི་འབྲེལ་ཚོང་པ་ཚུ་ ལོག་འགྱོ་བའི་སྐབས་ འབྲུག་པའི་ཏི་རུ་ཚུ་ རུ་པི་ལུ་བརྗེ་སོརའབད་དེ་ འབག་འགྱོ་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་སྡོད་པའི་སྐབས་ ཁོང་རའི་དོན་ལུ་ ཟད་འགྲོ་བཏང་མི་དང་ འབྲུག་མི་ཚུ་གིས་ ཅ་ཆས་ ཉོ་བཙོང་འཐབ་མི་ཚུ་ལུ་བལྟ་བ་ཅིན་ དེ་གིས་ཡང་ རུ་པིའི་དཀའ་ངལ་ལུ་ ལྷན་གྲོགས་འབད་དོ་ཡོད་པའི་ ཚོར་སྣང་བྱུངམ་མས་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ལས་ལྷོད་མི་ གསལ་བསྒྲགས་དེ་དང་འཁྲིལ་ ཚོགས་སྡེ་གིས་ཡང་ འགྲེམས་སྟོན་ལས་རིམ་ཚུ་ག་ལྷོད་འབད་ནི་མེན་པར་ མནོ་བསམ་ལེགས་ཤོམ་སྦེ་ གཏང་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ཚོགས་སྡེའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྒྱལ་སྤྱིའི་ཚོང་འབྲེལ་འགྲེམས་སྟོན་གྱི་སྐབས་ལུ་ རྒྱལ་ཁབ་༢ ཀྱི་ ཚོང་པ་དང་ ཚོང་མགྲོན་པ་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ས་མཚམས་རྫོང་ཁག་ཚུ་ནང་ཡང་ རྒྱ་འབྲུག་མཐུན་འབྲེལ་གྱི་འགྲེམས་སྟོན་ཟེར་མི་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་ ས་མཚམས་ས་ཁོངས་ནང་གི་ མི་སེར་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་ བཟོ་ཚུགས་ཡོདཔ་ལས་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
སྤྱིར་བཏང་ ཏི་རུའི་ཐོག་ལས་ འབྲེལ་བ་འཐབ་མ་དགོ་པའི་ ཤེས་རིག་གི་འགྲེམ་སྟོན་ལས་རིམ་ཚུ་ཡང་ འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་ལས་རིམ་ཚུ་གི་གྲས་ལས་ འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམས་སྟོན་ལས་རིམ་དང་ བཟོ་སྐྲུན་འགྲེམས་སྟོན་ལས་རིམ་ དེ་ལས་ བཞེས་སྒོའི་འགྲེམས་སྟོན་ལས་རིམ་ སེར་ཁའི་དུས་སྟོན་དང་ ཐིམ་ཕུ་བཞེས་སྒོའི་ འགྲེམ་སྟོན་ལས་རིམ་ཚུ་ ཚུད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ འགྲེམས་སྟོན་ལས་རིམ་ཁག་༣ མ་གཏོགས་ འགོ་འདྲེན་འཐབ་མ་ཚུགསཔ་ད་ དེ་གིས་ རྒྱལ་ཁང་ནང་ འོང་འབབ་དངུལ་ཀྲམ་འབུམ་༣༡ དེ་ཅིག་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment