གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་བའི་སྐབས་ ཏི་རུ་སྔོན་སྤྲོད་འབད་མ་ཆོགཔ་བཟོ་ནི།

༢༣/༡/༢༠༡༣   ༉ རྒྱལ་ཁབ་ནང་ ཁག་འབག་གི་ ལཱ་འབད་མི་ཚུ་གིས་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་བའི་སྐབས་ ཏི་རུ་སྔོན་སྤྲོད་འབད་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ འབྲུག་བཟོ་སྐྲུན་ཚོགས་སྡེ་གིས་ དེ་བཟུམ་འབད་མ་ཆོག་པའི་ གསལ་བསྒྲགས་ཅིག་ འབད་ནི་ཨིན་པས།
དེ་ཡང་ ད་ལྟོའི་ ལམ་ལུགས་དེ་ལུ་བརྟེན་ ཏི་རུ་ཚུ ཐོབ་ཚར་བའི་བསྒང་ལས་ ལས་མི་ཚུ་གིས་ བྲོས་ཟུར་འབད་བའི་དཀའ་ངལ་ སྦོམ་སྦེ་ར་ བྱུང་ནི་དེ་གིས་ཨིནམ་ད་ གནད་དོན་དེ་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་འཚོགས་མི་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ ཡོངས་ཁྱབ་ཞལ་འཛོམས་ནང་ གྲོས་བསྡུར་འབད་དེ་ ཐག་བཅད་ཡོདཔ་ཨིན།
ཨིན་རུང་ ཏི་རུ་སྔོན་སྤྲོད་འབད་མ་ཆོག་པའི་ གསལ་བསྒྲགས་དེ་གིས་ ཕན་ཐོགས་ག་དེ་སྦེ་ འབྱུང་ཚུགས་ག་མནོ་བའི་ དོགས་པ་ཡོད་ལུགས་ཀྱི་སྐོར་ལས་ཡང་ བསམ་འཆར་ཚུ་ བརྗེ་སོར་འབད་ཡི།



ཞལ་འཛོམས་ནང་ ཚོགས་སྡེའི་གཙོ་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་མི་ ལྷུན་གྲུབ་ཀྱིས་ མ་གཞི་ གསལ་བསྒྲགས་དེ་ ལག་ལེན་ཚུལ་བཞིན་དུ་ འཐབ་མི་ཚུགས་ནི་ཨིན་རུང་ ཁག་འབགཔ་ཚུ་གི་ རེ་འདོད་ལྟར་ གསལ་བསྒྲགས་ཅིག་ ཁག་འབགཔ་ག་ར་ལུ་ གཏང་ནི་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་གསལ་བསྒྲགས་དེ་ བཏང་སྟེ་འབད་རུང་ ཁག་འབགཔ་ཚུ་གིས་ ཁག་འབག་གི་ལཱ་ཚུ་ དུས་ཚོད་ཁར་ གྲུབ་མ་ཚུགས་པའི་ ཚ་གྱང་ལུ་བརྟེན་ དེ་བཟུམ་མའི་ ལམ་ལུགས་ཏེ་ ལག་ལེན་འཐབ་སྟེ་ར་ སྡོད་འོང་ཟེར་ སླབ་ཨིན་པས།
དེ་ལུ་ ཁག་འབགཔ་ལ་ལུ་ཅིག་གིས་ གསལ་བསྒྲགས་དེ་ ལག་ལེན་འཐབ་ཚུགས་རུང་ མ་ཚུགས་རུང་ ད་ལྟོ་ཚར་ཅིག་ མོ་བཏབ་བཟུམ་ཅིག་སྦེ་ ལག་ལེན་འཐབ་པ་ཅིན་ དྲག་འོང་ཟེར་ སླབ་ཨིན་པས།
ཁག་འབགཔ་གཞན་ཅིག་གིས་ བཤད་མིའི་ནང་ ཕྱིའི་ལས་མི་ཚུ་ རྒྱལ་ཁབ་ནང་ ཁྱིད་འོང་པའི་སྐབས་ ཁོང་གི་གཡུས་ཁར་ བཟའ་ཚང་ཚུ་གི་དོན་ལུ་ ཏི་རུ་སྔོན་སྤྲོད་འབད་དགོཔ་མ་ཚད་ རྒྱལ་ཁབ་ནང་ལྷོད་ཞིནམ་ལས་ ད་རུང་ སྔོན་སྤྲོད་འབད་བའི་ཤུལ་ལུ་ ཁོང་རའི་རྒྱལ་ཁབ་ནང་ ལོག་བྱོག་སོང་སྟེ་ ད་རུང་ ལོག་སྟེ་ར་ ཁག་འབགཔ་གཞན་ཚུ་འབད་སར་སོང་སྟེ་ ཏི་རུ་སྔོན་སྤྲོད་ཚུ་ ལེན་འབག་སྟེ་ བྱོག་འགྱོཝ་མས་ཟེར་ སླབ་ཨིན་པས།
ཕྱིའི་ལས་མི་ཚུ་གིས་ དེ་བཟུམ་མའི་ གཡོ་སྒྱུའི་ལཱ་འབད་མི་དེ་ ཁོང་གི་དོན་ལུ་ ཏི་རུའི་ཚོང་འབྲེལ་བཟུམ་ཅིག་ལུ་ ཐལ་སོ་ནུག་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ རྒྱལ་ཁབ་ནང་ ཁྱིད་འོང་པའི་སྐབས་ ལག་ཁྱེར་ཚུ་ བཏོན་དགོཔ་མ་ཚད་ ཁྲིམས་དོན་གྱི་ ལཱ་ལེ་ཤ་ཅིག་ར་ འབག་དགོཔ་ཐོན་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ལས་ བྱོག་འགྱོ་བའི་སྐབས་ ཁྲིམས་སྲུང་དང་ ཕྱི་མི་ནང་སྐྱོད་ཀྱི་ སྒོ་ར་ཁ་ཚུ་ནང་ དབྱེ་ཞིབ་མི་འབད་དོ་བཟུམ་སྦེ་ འཇམ་ཏོང་ཏོ་སྦེ་ འགྱོ་ཚུགས་པས་ཟེར་ཨིན་པས།
གལ་སྲིད་ ལཱ་གི་ས་ཁོངས་ནང་ལས་ བྱོག་འགྱོ་མི་ལས་མི་ཚུ་ ལམ་ཁར་ལས་ བདའ་ཟུན་པའི་སྐབས་ ཁོང་འབག་མི་སྣུམ་འཁོར་ཚུ་ བཟུང་ཞིནམ་ལས་ ཉེས་བྱ་བཀལ་ནིའི་ལམ་ལུགས་ཅིག་ བཟོ་ཚུགས་པ་ཅིན་ཟེར་བའི་ བསམ་འཆར་བཀོདཔ་ད་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ ཁྲིམས་བཀལ་ནིའི་ལམ་ལུགས་དེ་ བཟོ་མི་ཚུགསཔ་འོང་ཟེར་ སླབ་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ཐབས་ཤེས་ཅིག་ བཏོན་མ་ཚུགས་པ་ཅིན་ ལཱ་ཁག་སྦེ་ ཕྱི་རྒྱལ་ལས་ ཁྱིད་འོང་མི་ལས་མི་ཚུ་ བྱོག་སོང་བའི་ཤུལ་ལུ་ ལོག་ཚབ་འཐོབ་ཚུགས་པར་ དུས་ཡུན་ལེ་ཤ་འགོར་དོ་ཡོདཔ་ལས་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཁག་འབགཔ་ལ་ལུ་ཅིག་གིས་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ འབྲུག་ལུ་ ཁྱིད་འོང་པའི་སྐབས་ ཏི་རུ་སྔོན་སྤྲོད་འབད་ནིའི་ལམ་ལུགས་དེ་ ཧེ་མ་མེདཔ་ཨིན་རུང་ འབྲུག་པའི་ཁག་འབགཔ་ཚུ་གིས་ར་ འགོ་བཙུགས་བཙུགསཔ་ ཨིན་ཟེར་སླབ་ཨིན་པས།
སྡེ་རིམ་ཀ་པའི་ཁག་འབགཔ་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ འབྲུག་ལུ་ཁྱིད་འོང་བའི་སྐབས་ དེ་བཟུམ་མའི་ དཀའ་ངལ་ཚུ་ བྱུང་དོ་ཡོད་མི་དང་ གཞུང་གིས་ སྒེར་སྡེ་ཚུ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་དགོ་པའི་སྐོར་ལས་ ལོག་ཅི་ར་ གསུངས་མི་དང་འཁྲིལ་ མཁོ་འདོད་ག་དེམ་ཅིག་བཀོད་རུང་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་གི་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ གཞུང་གཡོག་ནང་འཛུལ་ནི་མ་གཏོགས་ སྒེར་སྡེ་ཚུ་ནང་ ལཱ་འབད་ནིའི་ མནོ་བསམ་རྩ་ལས་ར་ མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ གཞུང་གིས་ ལག་ཤེས་སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་ག་བཟུམ་ར་ བྱིན་དགོཔ་ཨིན་ན་དང་ དངུལ་ཕོགས་ཚུ་ ག་དེ་རེ་ སྤྲོད་དགོཔ་ཨིན་ནའི་སྐོར་ལས་ ཚད་གཞི་ཅིག་ བཟོ་གནང་པ་ཅིན་ དེ་དང་འཁྲིལ་ ལཱ་འབད་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ སླབ་ཨིན་པས།
ཨིན་རུང་ གནད་དོན་དེ་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ བཟོ་སྐྲུན་ཚོགས་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment