གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་མཐུན་ཐོག་ ས་ཆ་བགོ་བཀྲམ་འབད་ཡོད་པའི་བདེན་ཁུངས།

༢༤/༡/༢༠༡༤  ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ཉེས་འཛུགས་༢༣ དེ་ཅིག་ འབད་མིའི་ལན་ལུ་ ཁ་ཙ་ འགག་བཤེར་གྱི་ལན་ཕུལ་བའི་སྐབས་ ཚོགས་དཔོན་གྱིས་ ཉེས་འཛུགས་རེ་རེ་བཞིན་དུའི་ ར་ཁུངས་ཚུ་ བཀལ་ཡོདཔ་ཨིན་པས།


དེ་ཡང་ ཚོགས་དཔོན་གྱིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་འབད་མི་ཚུ་ ཆ་མཉམ་ར་ ཁྲིམས་མཐུན་ཡོད་དགོ་མི་དེ་ཡང་ གཞུང་གིས་ ས་ཆ་བགོ་བཀྲམ་གནང་ནིའི་ ཚད་གཞི་དང་ལམ་ལུགས་ དེ་ལས་ གཞུང་ཞབས་ཀྱི་བཀའ་རྒྱ་དང་ འབྲེལ་ཡོད་ ལྷན་ཁག་གིས་གནང་མིའི་བཀའ་རྒྱ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མིའི་ བཀའ་ཡིག་ཚུ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ཡོདཔ་ལས་ ཁྲིམས་མཐུན་མེད་པའི་སྐོར་ལས་ བཤད་དགོ་པའི་གནད་ཁུངས་ཟུར་ཙམ་ཅིག་ཡང་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཚད་གཞི་དང་ ལམ་ལུགས་ལུ་གནས་ཐོག་ལས་ ས་ཆ་བགོ་བཀྲམ་དེ་ དང་པ་ར་ ས་གནས་ཁར་སྡོད་དེ་ ཁྲིམས་མཐུན་ལག་ཁྱེར་ཐོག་ལུ་ ཚོང་རྐྱབ་མི་ཚོང་པ་ཚུ་དང་ ས་གནས་ཁར་ཁྱིམ་རྐྱབ་སྡོད་མི་ དེ་གི་ཤུལ་ལས་རྐྱངམ་གཅིག་ འབྲེལ་གཏོངས་མེད་མི་ གཞན་མི་ཚུ་ལུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༡༩༩༩ ལུ་ ཁྲོམ་ས་༡༩ དང་༢༠༠༡ ལུ་ ཁྲོམ་ས་༢༤ དེ་ལས་ ཁྱིམས་༢༣ བགོ་བཀྲམ་འབད་ཡོདཔ་ལས་ དེ་བསྒང་ ས་གནས་དེ་ཁར་ ཚོང་པ་དང་ ཁྱིམ་རྐྱབ་སྡོད་མི་ཡང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁོང་ཆ་མཉམ་ལུ་ར་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ཁྲིམས་མཐུན་ཐོག་ལས་ ས་ཆ་སྤྲོད་དེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༢ ལུ་ཡང་ གཙང་ཆུའི་གྲམ་གཡས་ཁ་ཐུག་ལུ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གིས་ ས་ཚན་ཁག་༧ དེ་ཅིག་ སྤྲོད་ཅི་ཟེར་ཨིནམ་ད་ དེ་ཚུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་འཐུས་མི་ཚུ་གིས་ གཞུང་གི་གནང་མིའི་ བཀའ་རྒྱ་དེ་ རྒྱབ་ཁར་ལུ་བསྐྱུར་མ་བཞག་པར་ ཚད་གཞི་དང་ལམ་ལུགས་སྒྲིང་སྒྲིང་བཟོ་ཡོད་མི་གུ་ གནས་ཐོག་ལས་ ས་ཆ་བགོ་བཀྲམ་འབད་ཡོདཔ་མ་གཏོགས་ ས་ཆ་ཚུ་ ལམ་ལུགས་དང་མ་འཁྲིལ་བར་ འགའ་ལྷོད་སྦེ་ བགོ་སྤྲོད་མ་འབད་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་འདི་གི་ཚེས་༡༦ ལུ་ ཉེས་འཛུགས་འབད་མི་ཚུ་ ཁོ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་དེ་ ཁྲིམས་མཐུན་ཡོད་དགོ་མི་དེ་ཡང་ དང་པ་ སྤྱི་ལོ་༡༩༨༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀའ་ཤོག་དང་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་དང་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་ གནང་མིའི་ལམ་སྟོན་བཀའ་ཡིག་ དེ་ལས་ སྤྱི་ལོ་༡༩༩༩ གི་ ཁྲོམ་སྡེ་བཅའ་ཁྲིམས་ནང་བཀོད་དེ་ཡོད་མི་ དབང་ཚད་ཚུ་དང་འཁྲིལ་ཏེ་ ས་ཆ་བགོ་བཀྲམ་འབད་ཡི་ཟེར་ སྒྲུབ་བྱེད་བཀོད་ཐོག་ལས་ ཚོགས་དཔོན་གྱིས་ ཉེས་འཛུགས་ཕོག་དགོ་མེད་པའི་ ཡིག་ཆ་ཚུ་ ཆ་མཉམ་ར་ ཁྲིམས་འདུན་ལུ་ སྒྲུབ་བྱེད་དངོས་བརྟག་སྦེ་ཕུལ་ཡི།
ཚོགས་དཔོན་གྱིས་ཞུ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་ཡིག་བཙུགས་ཡོད་རུང་ རྒྱལ་པོའི་ཞིང་ལུ་ ས་ཆ་མ་ཐོབ་མི་ ཞུ་ཡིག་༡༢༧ ཐོ་བཀོད་འབད་ནུག་ཟེར་ཨིནམ་ད་ ཞུ་ཡིག་༢༣ གྱི་བགོ་སྤྲོད་དེ་ སྤྱི་ལོ་༢༠༠༡ ལུ་ འབད་ཡོདཔ་ད་ དེ་ཡང་ ཤུལ་ལས་འོང་མི་ཚུ་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ ཁོ་ར་ མོང་སྒར་རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ མི་སེར་ཚུ་གིས་ ས་ཆ་མ་ཐོབ་པའི་ཉོགས་བཤད་བཀོད་ནི་མེདཔ་མ་ཚད་ འབྲེལ་ཡོད་ལྷན་ཁག་ཚུ་ལུ་ཡང་ ཞུ་བ་ཕུལ་ཕུལཝ་མེདཔ་ལས་ ད་རེས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དེ་བཟུམ་གྱི་ཉེས་འཛུགས་བཀལ་མི་ལུ་ ཁྲིམས་མཐུན་མེདཔ་མ་ཚད་ འབྲས་སྤུངས་པ་ཚུ་ལུ་ ས་ཆ་མ་ཐོབ་པར་ལུས་ནུག་ཟེར་བའི་ ཁུངས་བཀལ་མི་དེ་ཡང་ བདེན་ཁུངས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡ ལུ་ གནས་ཚུལ་ལས་ཁང་ཅིག་གིས་ གནས་ཚུལ་གསར་བཏོན་འབད་ཞིནམ་ལས་རྐྱངམ་གཅིག་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ བློན་ཆེན་མཆོག་གིས་འབད་རུང་ འབྲུག་རྒྱང་བསྒྲགས་ཐོག་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ གཞུང་གི་བཀའ་རྒྱ་དང་ ལམ་ལུགས་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ཡོདཔ་ལས་ ཁྲིམས་མཐུན་འདུག་ཟེར་ གསུངས་ཡི་ཟེར་ཨིན་པས།
དེ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ཡང་ གནད་དོན་དེ་ལུ་ རྩོད་དོན་གྱི་ཁྲིམས་མཐུན་ཅིག་མིན་འདུག་ཟེར་ ཨིནམ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱིས་འབད་རུང་ གནད་དོན་དེ་ ད་ལྟོའི་གཞུང་གི་སྐབས་བྱུང་བྱུངམ་མེན་པའི་ ལོ་ངོ་༡༢ ལས་ལྷག་པའི་ གནད་དོན་གུ་ལུ་ ཞིབ་དཔྱད་འབད་ནི་དེ་ ཁུངས་གཏུགས་ཅིག་མེད་རུང་ ད་རེས་ཁྲིམས་མཐུན་མེད་པའི་ རྩོད་གཞི་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་གཏུགས་འབད་ཡི་ཟེར་ཨིན་པས།
ཚོགས་དཔོན་ལུ་ ཉེས་རྩོད་ཀྱི་ ཉེས་འཛུགས་ཁྲིམས་གཞུང་ཆེན་མོའི་དོན་ཚན་ ན་༡-༢ དང་འཁྲིལ་ ཕོག་དགོ་པའི་ གནད་དོན་ཅིག་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ན་༡-༢ དང་འཁྲིལ་བ་ཅིན་ མི་གང་རུང་ཅིག་གིས་ ཡིག་ཆ་རྫུས་མ་བཟོ་ནི་དང་ ཡང་ཅིན་ ཐིའུ་རྫུས་མ་བཟོ་ནི་ དེ་ལས་ མི་རྫུས་མ་བཟོ་ཐོག་ལས་ བྱ་ངན་ཅིག་འབད་དགོཔ་ཨིན་རུང་ ཁོ་གིས་ དེ་ཚུ་ ག་ཅི་ཡང་་འབད་འབདཝ་མེདཔ་ལས་ ཁྲིམས་གཞུང་ཆེན་མོའི་དོན་ཚན་ ན་༡-༢ ཀྱི་ ཉེས་འཛུགས་འབད་མི་དེ་ ག་ཅི་སྨོ་ཟེར་ དྲི་བ་བཀོད་ཡོདཔ་མ་ཚད་ ཁྲིམས་འདུན་གྱིས་འབད་རུང་ ཉེས་འཛུགས་དེ་ ཁྲིམས་མཐུན་ཡོད་མེད་ གཟིགས་དགོ་ཟེར་ཨིན་པས།
ངན་ལྷད་བཞག་བཀག་སྡོམ་ལྷན་ཚོགས་ཀྱིས་ གོང་གསལ་གནད་དོན་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དང་ཡང་ འགལ་བ་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕྱག་འགན་དེ་ ཁོང་རའི་བཅའ་ཁྲིམས་དང་འཁྲིལ་ འབད་དགོཔ་བཞིན་དུ་ ངན་ལྷད་ཀྱི་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༡ ལུ་ ཆ་འཇོག་གྲུབ་པའི་ ཉིནམ་ལས་འགོ་བཟུང་ བསྟར་སྤྱོད་འབད་ཆོག་ཟེར་ཨིནམ་ལས་ གནད་དོན་དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་ འོང་དགོ་ཟེར་ཞུ་ཡི།
ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ རྩ་ཁྲིམས་ལས་འགལ་བ་ཨིན་མེན་དེ་ ཆེ་མཐོ་དང་ མངོན་མཐོ་ཁྲིམས་འདུན་གྱིས་མཛད་ཡོདཔ་ལས་ དེ་ཚུ་ དྲང་ཁྲིམས་ཀྱིས་ བསྟར་སྤྱོད་འབད་འོང་ཟེར་ཨིནམ་ད་ ཚོགས་དཔོན་གྱི་ལན་དེ་ སྤྱི་ཟླ་འདི་གི་ ཚེས་༢༥ ལུ་ ཕུལ་དགོཔ་སྦེ་ཞུ་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ འབྲུག་རྒྱལ་ཁབ་ནང་ ཞི་བདེ་དང་ བདེ་སྐྱིད་ཐོག་ལུ་ གནས་ཏེ་ཡོད་མི་དེ་ཡང་ དྲང་ཁྲིམས་ལས་བརྟེན་ཨིནམ་ལས་ ད་ལས་ཕར་ རྩ་ཁྲིམས་ཆེན་མོའི་གུས་ཞབས་ཐོག་ལུ་ བྱ་ངན་ཚུ་བཀག་ཐབས་འབད་དེ་ ད་རེས་ ཚོགས་དཔོན་ལུ་ཉེས་འཛུགས་འབད་མི་ལུ་ ཁྲིམས་འདུན་ལས་ དྲང་ཁྲིམས་ཐོབ་ནིའི་རེ་འདོད་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment