གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་དགུན་གྱི་ མདའ་རྩེད་སློབ་སྟོན་ལས་རིམ་འགོ་བཙུགས་ཡོདཔ།

༢༢/༡/༢༠༡༣   ༉ རྒྱལ་ཁབ་ནང་ འབྲུག་མདའ་རྩེད་ཚོགས་པ་གིས་ གནམ་དགུན་མདའ་རྩེད་སློབ་སྟོན་ལས་རིམ་ འགོ་དང་པ་ འགོ་དྲེན་འཐབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ལས་ བཅའ་མར་གཏོགས་མི་༡༥༠ ལྷགཔ་ཅིག་འོང་མི་དེ་ རེ་བ་ལས་ལྷགཔ་ཅིག་ཨིན་ཟེར་ འབྲུག་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་ཨིན་པས།
ན་གཞོན་ཚུ་གིས་ མདའ་རྩེད་ཀྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་བསྒང་།


དེ་ཡང་ འབྲུག་མདའ་རྩེད་ཚོགས་པ་གིས་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ གནམ་དགུན་མདའ་རྩེད་སློབ་སྟོན་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ བཀྲིས་སྒང་ ལྷུན་རྩེ་ བཀྲིས་གཡང་རྩེ་རྫོང་ཁག་གི་ གཡུས་སྒོ་སོ་སོ་ཚུ་ནང་ལས་ ན་གཞོན་བུཚ་དང་ བུམོ་ སྐྱེས་ལོ་༡༦ ལས་༢༣ ཚུན་འབད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་གིས་ སློབ་སྟོན་ལས་རིམ་ནང་ བཅའ་མར་གཏོགས་མི་ མཐོ་ཤོས་༡༠༠ དེ་ཅིག་འོང་བའི་ རེ་བ་བསྐྱེད་ཡི་ཟེར་ཨིན་པས།
ལས་རིམ་ནང་ བུམོ་༥༦ ཡོདཔ་ད་ བཀྲིས་སྒང་རྫོང་ཁག་ མེ་རག་ ར་ལྡི་ བར་མཚམས་ རང་གཤིས་མཁར་ པཱམ་ བཀང་ལུང་ ཡོན་ཕུག་ལ་ དེ་ལས་ གཞན་གཡུས་སྒོ་ཚུ་ནང་ལས་ འོང་ཡོདཔ་ ཨིན་པས།
ཉིན་གྲངས་༥ འི་རིང་ལུ་ འགོ་འདྲེན་འཐབ་མི་ མདའ་རྩེད་སློབ་སྟོན་ལས་རིམདེ་ སྤྱི་ཟླ་༡ པའི་ཚེས་༢༠ ལུ་ མཇུག་བསྡུ་མི་དང་འབྲེལ་ བཅའ་མར་གཏོགས་མི་ཚུ་གིས་ ལས་རིམ་དེ་ གཅིག་བ་གཅིག་དྲགཔ་སྦེ་ བརྩོན་ཤུགས་དང་ རིག་རྩལ་ ལྕོགས་གྲུབ་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ ལྷབ་སྦྱང་འབད་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ ལྕོགས་གྲུབ་ཅན་ཚུ་ བཙག་འཐུ་འབད་ནི་ལུ་ཡང་ དོ་འགྲན་སྦོམ་བྱུང་ཡི་ཟེར་ཨིན་པས།ཝ
མདའ་རྩེད་ལེགས་ཤོམ་སྦེ་ སྦྱོང་བརྡར་འབད་ཚུགས་མི་ཚུ་ གདམ་འཐུ་འབད་ཞིནམ་ལས་ ཤུལ་ལས་ རྒྱལ་ཡོངས་མདའ་རྩེད་ཚོགས་པའི་རྩེད་འགྲན་པ་སྦེ་ བུཚ་༥ དང་ བུམོ་༣ བཙག་འཐུ་འབད་དེ་ བཞག་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་མདའ་རྩེད་ཚོགས་པའི་ རྩེད་འགྲན་པ་སྦེ་ བཙག་འཐུ་གྲུབ་ཞིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཡོདཔ་བཞིན་དུ་ གདམ་འཐུ་འབད་མི་ཚུ་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ དངུལ་ཀྲམ་༡༥,༠༠༠ བྱིན་ནི་ཨིནམ་མ་ཚད་ གྱོན་ཆས་དང་ ཉལ་ཁང་ དེ་ལས་ འཕྲོ་མཐུད་ཤེས་ཡོན་གྱི་དོན་ལུ་ སློབ་གཉེར་གྲོགས་རམ་ཚུ་ཡང་ འཐོབ་ནི་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་ནང་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ ཨང་དང་པའི་གསོལ་རས་ གསེར་གྱི་རྟགས་མ་འཐོབ་ཚུགས་པ་ཅིན་ རྩེད་འགྲན་པ་དེ་ལུ་ རྒྱལ་ཁབ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ལས་༥༠,༠༠༠ འི་བར་ན་ འབྲུག་མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ བྱིན་ནི་ཡོད་ཟེར་ཨིན་པས།
ད་རིས་ལས་འགོ་བཙུགས་ཏེ་ དགེ་ལེགས་ཕུག་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྤྱི་ཟླ་༡ པའི་ཚེས་༢༦ ཚུན་ སློབ་སྦྱོང་ལས་རིམ་ འགོ་འདྲེན་འཐབ་ནི་དང་ ཕུན་ཚོགས་གླིང་ཕུཊ་བཱོལ་རྩེད་ཐང་ནང་ སྤྱི་ཟླ་༡ པའི་ཚེས་༢༨ ལས་ སྤྱི་ཟླ་༢ པའི་ཚེས་༠༡ ཚུན་ དེ་ལས་ ཐིམ་ཕུ་གླང་རྒྱུག་ཕར་ཁ་ལུ་ སྤྱི་ཟླ་༢ པའི་ཚེས་༠༣ ལས་༠༨ ཚུན་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment