གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་ སྦུང་ཚོང་འཐབ་མི་དང་ སིལ་ཚོང་འཐབ་མིའི་བར་ན་ བྲེལ་ཟིང་།

༣༠/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༢༨ རེས་གཟའ་མིག་དམར་ལུ་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་སྦེ་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་དང་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་འཛིན་སྐྱོང་འགོ་དཔོན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ གྲོས་ཐག་བཅད་མི་ཟིན་བྲིས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་བའི་སྐབས་ སྦུང་ཚོང་དང་ སིལ་ཚོང་འཐབ་མི་ཚུ་གི་བར་ན་ བྲེལ་ཟིང་བྱུང་ཡོདཔ་ཨིན་པས།


དེ་ཡང་ རྒྱལ་ཁབ་ནང་ ཚོད་བསྲེ་སྦུང་ཚོང་རྐྱབ་སྡོད་མི་ཚུ་ལུ་ ཚོང་འབྲེལ་འཐབ་ཆོག་པའི་ ཆོག་ཐམ་མེད་པར་ སིལ་ཚོང་འཐབ་མི་ཚུ་ལུ་ ཚོད་བསྲེ་ཚོང་འབྲེལ་འབད་བའི་ཁར་ ཚོང་མགྲོན་པ་ཚུ་ལུ་ ཚོད་བསྲེ་ཚུ་ གོང་ཁེ་ཏོག་ཏོ་སྦེ་ བཙོང་ནི་དེ་གིས་ སིལ་ཚོང་རྐྱབ་མི་ཚུ་ལུ་ དཀའ་ངལ་སྦོམ་བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ སྦུང་ཚོང་འཐབ་མི་ཚུ་ལུ་ ངོས་འཛིན་ཆོག་ཐམ་བྱིན་ཞིནམ་ལས་ སིལ་ཚོང་རྐྱབ་མི་ཆོག་ནི་ཨིན་པས།
ངོས་འཛིན་ཆོག་ཐམ་བྱིན་པའི་ཤུལ་ལུ་ སིལ་ཚོང་འཐབ་མ་ཆོག་མི་ལུ་བརྟེན་ སྦུང་ཚོང་རྐྱབ་མི་ཚུ་གིས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ ཞུ་དོ་བཟུམ་སྦེ་འབད་བ་ཅིན་ སྦུང་ཚོང་རྐྱབ་ཆོག་པའི་ཆོག་ཐམ་དགོ་པའི་ཁར་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ སིལ་ཚོང་ཡང་རྐྱབ་ཆོགཔ་སྦེ་ར་ བཞག་དགོ་ཟེར་ཨིན་པས།
དེ་སྦེ་ གསལ་ཞུ་འབད་མི་དེ་ཡང་ སྦུང་ཚོང་རྐྱབ་མི་ཚུ་གིས་ ཕྱི་རྒྱལ་ཁབ་ལས་ ནང་འདྲེན་འབད་མིའི་ ཚོད་བསྲེ་ཚུ་ སིལ་ཚོང་རྐྱབ་མི་ཚུ་ལུ་ བཙོང་མིའི་ལྷག་ལུས་ཚུ་ ག་ཏེ་ཡང་ བསྐྱལ་སའི་ས་གོ་མེདཔ་ལས་ ཚོད་བསྲེ་ལྷག་ལུས་ཡོད་མི་ཚུ་ ཝ ཚོང་འབྲེལ་འཐབ་མ་ཆོག་པ་ཅིན་ རུལ་འགྱོ་དོ་ཡོདཔ་ལས་ དེ་གི་དཀའ་ངལ་དེ་ གཞུང་གིས་ར་ བསལ་དགོཔ་འོང་ཟེར་ སྦུང་ཚོང་རྐྱབ་མི་ ཚེ་རིང་རྡོ་རྗེ་གིས་ ཞུ་ཡི།
དེ་འབདཝ་ད་ སིལ་ཚོང་འཐབ་སྟེ་ ལོ་༥ ལང་མི་ སྐྱེས་ལོ་༣༣ འབད་མི་ བསོད་ནམས་ཀྱིས་འབད་བ་ཅིན་ ད་ཚུན་ སྦུང་ཚོང་འཐབ་མི་ཚུ་གིས་ སིལ་ཚོང་འཐབ་མི་སྡོད་མི་ཚུ་ལུ་ དཀའ་ངལ་འདྲ་མིན་སྣ་ཚོགས་བྱིན་ཡོདཔ་ལས་ ད་ལས་ཕར་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ངོས་འཛིན་ཆོག་ཐམ་གནང་ནི་ཨིནམ་ལས་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།
ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ སིལ་ཚོང་རྐྱབ་སྡོད་སའི་ས་ཁོངས་ནང་ཡང་ སྦུང་ཚོང་རྐྱབ་མི་ཚུ་གིས་ ས་གོ་ལེན་ཏེ་ ཚོང་འབྲེལ་འབདཝ་ད་ གོང་ཚད་ཉུངམ་སྦེ་ བཙོང་དོ་ཡོདཔ་ལས་ སིལ་ཚོང་རྐྱབ་མི་དང་ སྒོ་ཚོང་ ཡངན་ ཚོང་ཕྱམ་ཕྱིམ་རྐྱབ་སྡོད་མི་ཚུ་ སྦུང་ཚོང་པ་ཚུ་ལས་ ཉོ་འབག་འོང་མིའི་ཚོད་བསྲེ་ཚུ་ བཙོང་མ་ཚུགསཔ་ལས་ ཕྱེད་ཀ་མེདཔ་ཐལ་ཏེ་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༨ ལང་མི་ མཚོ་མོ་གིས་འབད་རུང་ གཞུང་གིས་ སྤྱིར་བཏང་མི་སེར་ཉམ་ཆུང་ག་ར་ འདྲ་མཉམ་གྱི་ཐོག་ལས་ ཚོང་འབྲེལ་འཐབ་ནི་ལུ་ སྲིད་བྱུས་དང་ ལམ་སྟོན་བཟང་པོ་བརྩམས་གནང་མི་དེ་གིས་ ཕན་རླབས་ཆེ་བའི་ཁར་ སྦུང་ཚོང་འཐབ་མི་ཚུ་ལུ་ ཆོག་ཐམ་བྱིན་ནི་ཨིན་མི་དེ་གིས་ ལྷག་པར་དུ་ སིལ་ཚོང་པ་ཚུ་ལུ་ འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་ཚུགས་ནི་ལུ་ འོས་འབབ་འདུག་ཟེར་ སླབ་ཨིན་པས།
སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་གྱི་ འཛིན་སྐྱོང་འགོ་དཔོན་ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ འཆར་གཞི་དེ་བཟུམ་བརྩམས་ཐོག་ལས་ ཚོང་འབྲེལ་ལས་ཁུངས་དང་ ཅ་དམ་དང་ འོང་འབབ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་མཉམ་ གྲོས་བསྟུན་ཞལ་འཛོམས་འཚོགས་ཐོག་ལས་ རྒྱལ་ཁབ་ཀྱི་ རུ་པི་མ་ལང་པའི་དཀའ་ངལ་སེལ་ཐབས་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ སྦུང་ཚོང་རྐྱབ་མི་ཚུ་ཡང་ ཁྲོམ་སྦོམ་ཚུ་ནང་ འོང་དགོ་པའི་ཁར་ ས་མཚམས་ཁྲོམ་དང་ རྫོང་ཁག་གི་ལུང་ཕྱོགས་སོ་སོ་ནང་ཡང་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཆོག་ཐམ་བྱིན་དགོཔ་སྦེ་ཡོདཔ་ལས་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཁེ་ཕན་དེ་ འབྲུག་པའི་མི་ག་ཨིན་རུང་ ཆོག་ཐམ་མེད་པར་ ས་མཚམས་ཁྲོམ་ཚུ་ནང་ལས་ ཚོད་བསྲེ་ཀེ་ཇི་༥༠ ལས་ལྷག་ལྟཻ་ འབག་འོང་ཐག་མ་ཆོག་མི་ལུ་ བརྟེན་ཏེ་ཨིན་ཟེར་ཨིན་པས།
ཚོད་བསྲེ་ནང་འདྲེན་ག་དེ་ཅིག་ར་འབད་རུང་ བཙོང་མ་ཚུགས་པའི་ དོ་འགྲན་འབད་མ་དགོཔ་མ་ཚད་ ནང་འདྲེན་འབད་མི་ཚོད་བསྲེ་ཚུ་ ལག་ལེན་འཐབ་ནི་ལས་ བཀག་ནིའི་དོན་ལུ་དང་ ནང་འཁོད་ལས་ཐོན་མིའི་ཚོད་བསྲེ་ཚུ་ ཚོང་འབྲེལ་གོང་འཕེལ་གཏང་ནི་ལུ་དམིགས་གཏད་བསྐྱེད་མི་ཚུ་ སྒྲུབ་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༢༣ ལུ་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་དང་ ཚོང་འབྲེལ་ལས་ཁུངས་གཉིས་ཀྱི་བར་ན་ ཚོད་བསྲེ་ཚོང་བཙོང་ཆོག་དང་ མི་ཆོག་གི་སྐོར་ལས་ སོ་ནམ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ གོ་བསྡུར་ཞལ་འཛོམས་ཅིག་འཚོགས་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་དང་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ ནང་འཁོད་ལས་ཐོན་མིའི་ ཚོད་བསྲེ་ཚུ་ལུ་ གཞི་བཞག་ཐོག་ལས་ སྦུང་ཚོང་རྐྱབ་མི་ཚུ་གིས་ ནང་འདྲེན་འབད་ཆོག་པའི་ ཚོད་བསྲེ་ཚུ་ ཐོ་བཀོད་འབད་མི་དང་འཁྲིལ་ འབག་འོང་ཆོག་ནི་ཨིནམ་ལས་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཞིབ་དཔྱད་འབད་ནི་སྦེ་ བཞག་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་འགོ་དཔོན་གྱིས་འབད་བ་ཅིན་ གནམ་དགུན་ལུ་ཡང་ ཚོད་བསྲེའི་དཀའ་ངལ་ མི་ཐོན་ནིའི་དོན་ལུ་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ བསམ་གྲུབ་ལྗོངས་མཁར་དང་ གསར་སྤང་ རྩི་རང་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འཐབ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ རྫོང་ཁག་དེ་ཚུ་ལས་ ཚོད་བསྲེ་ཐོན་སྐྱེད་འབད་དོ་ཡོདཔ་ལས་ སྦུང་ཚོང་པ་དང་ སིལ་ཚོང་རྐྱབ་མི་ཚུ་གིས་ སྤྲོ་བ་དང་ དང་འདོད་ཡོད་པ་ཅིན་ སྣུམ་འཁོར་གྱི་ གླ་འཐུས་སྤྲོད་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་འཛིན་སྐྱོང་འགོ་དཔོན་ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment