གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་རིམ་༡༢ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་སྟོན།

༣༡/༡/༢༠༡༣   ༉ ཤེས་རིག་ལྷན་ཁག་འོག་གི་ སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་བཀོད་ཚོགས་ཀྱིས་ སྤྱི་ལོ་༢༠༡༢ ལོའི་ སློབ་རིམ་༡༢ པའི་ ཆོས་རྒྱུགས་གྲུབ་འབྲས་དེ་ ཁ་ཙ་ གསལ་སྟོན་འབད་ཡོདཔ་བཞིན་དུ་ ཨང་༡ པ་དང་༢ པ་གཉིས་ཆ་ར་ སྤུ་ན་ཁ་ ཨོ་རྒྱན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ ཐོན་ཡོདཔ་ཨིན་པས།


དེ་ཡང་ ནང་རིག་སློབ་ཕྲུག་ རྣམ་རྒྱལ་ཆོས་སྒྲོན་གྱིས་ སྐུགས་བརྒྱ་ཆ་༨༩.༢༥ ཐོབ་སྟེ་ ཨང་༡ པ་ཐོན་ཡོདཔ་ད་ ཚན་རིག་སློབ་ཕྲུག་ ཊི་ཀ་རཱམ་ ཨ་ཅར་ཇ་གིས་ སྐུགས་བརྒྱ་ཆ་༨༨.༥༠ ཐོབ་སྟེ་ ཨང་༢ པ་ཐོན་ནུག།
དེ་ལས་ ཨང་༣ པ་དེ་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ལས་ སྐུགས་བརྒྱ་ཆ་༨༦.༧༥ ཐོབ་མི་ ནང་རིག་སློབ་ཕྲུག་ བསོད་ནམས་ཚེ་བརྟན་ ཐོན་ཡོདཔ་ཨིན་པས།
དེ་ལས་ སྡེ་ཚན་གྱི་ཐད་ལུ་ལྷོདཔ་ད་ ཚན་རིག་སྡེ་ཚན་གྱི་ སློབ་ཕྲུག་ཚུ་གི་གྲས་ལས་ ཊི་ཀ་རཱམ་ ཨ་ཅར་ཇ་གི་ འོག་ལས་ར་ དགེ་ལེགས་ཕུག་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ དི་ཝཱསི་ པུ་རི་གིས་ སྐུགས་བརྒྱ་ཆ་༨༧ ཐོབ་སྟེ་ ཨང་༢ པ་ཐོན་ཡོདཔ་ད་ འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་བར་མ་ལས་ པར་ཀཱཤི་ ཤར་མ་གིས་ སྐུགས་བརྒྱ་ཆ་༨༥.༧༥ ཐོབ་སྟེ་ ཨང་༣ པ་ཐོན་ནུག།
ཚོང་རིག་སྡེ་ཚན་གྱི་ སློབ་ཕྲུག་ཚུ་གི་གྲས་ལས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་བར་མ་ལས་ ཀརྨ་ཆོས་སྒྲོན་གྱིས་ སྐུགས་བརྒྱ་ཆ་༨༥.༥༠ ཐོབ་སྟེ་ ཨང་༡ པ་ཐོན་ཡོདཔ་ད་ ཨང་༢ པ་དང་༣ པ་དེ་ ཧཱ་ཨོ་རྒྱན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་བར་མ་དང་ གཡང་ཅན་ཕུག་འབྲིང་རིམ་སློབ་གྲྭ་བར་མ་ལས་ ཐོན་ནུག།
ཨོ་རྒྱན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ བསོད་ནམས་བཙན་སྐྱོགས་ཀྱིས་ སྐུགས་བརྒྱ་ཆ་༨༥ དང་ གཡང་ཅན་ཕུག་སློབ་གྲྭའི་སློབ་ཕྲུག་ རྣམ་རྒྱལ་བསྟན་འཛིན་གྱིས་ སྐུགས་བརྒྱ་ཆ་༨༣.༢༥ ཐོབ་ཡོདཔ་ཨིན་པས།
དེ་ལས་ མོང་སྒར་ ཤེས་རབ་རལ་གྲི་འབྲིང་རིམ་སློབ་གྲྭ་བར་མ་ལས་ ཚེ་རིང་ལྷ་མོ་གིས་ སྐུགས་བརྒྱ་ཆ་༨༢.༥༠ ཐོབ་མི་དེ་ ནང་རིག་སྡེ་ཚན་ལས་ ཨང་༣ པ་ཨིན་པས།
དེ་དང་འཁྲིལ་ དུས་ཅིའི་ སློབ་ཕྲུག་ཡོངས་བསྡོམས་ཀྱི་ མཐར་འཁྱོར་གྲུབ་འབྲས་དེ་ བརྒྱ་ཆ་༨༦.༧༨ ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༡ གི་ མཐར་འཁྱོལ་བརྒྱ་ཆ་༨༦.༠༥ འབད་མི་དང་ཕྱདཔ་ད་ བརྒྱ་ཆ་༠.༧༣ གྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
ཚན་རིག་སྡེ་ཚན་གྱི་ མཐར་འཁྱོལ་གྲུབ་འབྲས་དེ་ བརྒྱ་ཆ་༩༥.༠༨ དང་ ཚོང་རིག་སྡེ་ཚན་ལས་ བརྒྱ་ཆ་༨༤.༩༢ དེ་ལས་ ནང་རིག་སྡེ་ཚན་ལས་ བརྒྱ་ཆ་༨༠.༠༨ ཨིན་པས།
ཆོས་ཚན་ལྟར་དུ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ ཨིང་ལིཤ་དང་ རྫོང་ཁ་ ས་ཆ་རིག་པ་ ཚན་རིག་ཆོས་ཚན་ དངོས་ཁམས་རིག་པ་ སྐྱེས་ཁམས་རིག་པ་ དེ་ལས་རྫས་ཁམས་རིག་པ་ཚུ་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ད་ ཆོས་ཚན་དེ་ཚུའི་ནང་ སློབ་ཕྲུག་བསྡོམས་བརྒྱ་ཆ་༩༠ གིས་ མཐར་འཁྱོལ་བྱུང་ནུག།
དེ་ཚུའི་གྲས་ལས་ མཐར་འཁྱོལ་བྱུང་མིའི་ བརྒྱ་ཆ་མཐོ་ཤོས་དེ་ ས་ཆ་རིག་པའི་ནང་ཨིནམ་ད་ དེ་ནང་ སློབ་ཕྲུག་བརྒྱ་ཆ་༩༠ གིས་ མཐར་འཁྱོལ་བྱུང་ནུག།
ས་ཆ་རིག་པ་དང་ རྫས་ཁམས་རིག་པའི་ཆོས་ཚན་ནང་ མང་ཤོས་ཅིག་གིས་ སྐུགས་བརྒྱ་ཆ་༦༠ རེ་ཐོབ་ཡོདཔ་ད་ དམའ་ཤོས་དེ་ བརྒྱ་ཆ་༤༤.༠༦ ཨིན་པས།
སེམས་རྟོགས་ཁ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ནང་ལས་ ཆོས་རྒྱུགས་ཀྱི་དོན་ལུ་ སློབ་ཕྲུག་༡༦༨ ཐོ་བཀོད་འབད་ས་ལས་༡༥༤ གིས་ མཐར་འཁྱོལ་བྱུང་མི་དེ་ བརྒྱ་ཆ་༩༤.༤༨ ཨིན་པས།
བར་སྦིས་ས་ སྐད་ཡིག་དང་ལམ་སྲོལ་སློབ་གྲྭ་ལས་ སློབ་ཕྲུག་༡༧༧ གྱིས་ ཐོ་བཀོད་འབད་ས་ལས་༡༥༣ གྱིས་ མཐར་འཁྱོལ་བྱུང་ཡོདཔ་ད་ བརྒྱ་ཆ་ལས་འབད་བ་ཅིན་༨༨.༤༤ ཨིན་པས།
བཀོད་ཚོགས་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཉིན་བསྟར་གྱི་སློབ་ཕྲུག་ བརྒྱ་ཆ་༨༦.༤༤ དང་ འཕྲོ་མཐུད་ཤེས་ཡོན་སྦྱངས་མི་ བརྒྱ་ཆ་༦༩.༠༣ དེ་ལས་ འཕྲོ་མཐུད་སློབ་སྦྱོང་འབད་མི་ སློབ་དཔོན་བརྒྱ་ཆ་༩༤.༢༢ ཆོས་རྒྱུགས་ལོག་རྐྱབ་མི་ བརྒྱ་ཆ་༩༤.༢༢ ཀྱིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
འབྲུག་མཐོ་རིམ་བར་མའི་ཤེས་རིག་ལག་ཁྱེར་ཆོས་རྒྱུགས་ ཐེངས་༧ པ་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༣༠ ལས་ སྤྱི་ཟླ་༡༢ པའི་ཚེས་༡༤ ཚུན་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ སྒེར་གྱི་སློབ་གྲྭ་༡༣ རྩིས་ཏེ་ མཐོ་རིམ་སློབ་གྲྭ་བར་མ་༤༤ གི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མ་གཞི་ ཆོས་རྒྱུགས་ཀྱི་དོན་ལུ་ སློབ་ཕྲུག་བསྡོམས་༩,༡༢༡ གིས་ ཐོ་བཀོད་འབད་ཡོདཔ་ཨིན་རུང་༨,༩༦༧ གྱིས་མ་གཏོགས་ ཆོས་རྒྱུགས་མ་ཕུལ་བའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment