གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡོ་སྒྱུ་དང་མ་བྱིན་ལེན་པའི་ཉེས་འགལ་ལུ་ བཙོན་ཁྲིམས་ཟླཝ་༡༡༧ བཀལ་ཡོདཔ།

༣༠/༡/༢༠༡༣   ༉ ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ ཁྲིམས་ཁྲི་༡ པ་ལས་ མཐོ་གཏུགས་པ་སྐལ་བཟང་བསྟན་འཛིན་གྱིས་ གཡོ་སྒྱུའི་ལག་ལེན་དང་ མ་བྱིན་ལེན་པའི་སྐོར་ལས་ ཐོག་མའི་ཁྲིམས་འདུན་གིས་ ཉེས་ཁྲིམས་ལོ་༩ ལྷགཔ་ཅིག་བཀལ་མི་ལུ་ ཁེ་རྒུད་མ་བཏུབ་པའི་མཐོ་གཏུགས་འབད་ཡོད་རུང་ ཉེས་ཁྲིམས་བསྒྱུར་ལྡོག་མེདཔ་སྦེ་ རང་འཇགས་བཞག་ཡོདཔ་ཨིན་པས།


ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་དགོ་མི་དེ་ཡང་ སྐལ་བཟང་བསྟན་འཛིན་གྱིས་འབད་བ་ཅིན་ སྣུམ་འཁོར་བཙོང་པའི་ ཕན་ཚུན་གྱི་བར་ན་ ངག་དབང་རྡོ་རྗེ་ལུ་ ཆ་རོགས་འབད་ཡོདཔ་མ་གཏོགས་ ཨར་རྐུན་འབད་མི་ངོ་མ་དེ་ ངག་དབང་རྡོ་རྗེ་ཨིནམ་ལས་ ཁོ་ལུ་ ཉེས་ཁྲིམས་ཕོག་དགོ་པའི་ འོས་འབབ་ཡོད་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་གྱིས་ ཁྲིམས་འདུན་ལུ་ཞུ་མི་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ སྐལ་བཟང་བསྟན་འཛིན་གྱིས་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༤ ལུ་ གཡོ་སྒྱུ་དང་ མགུ་སྐོར་ཐོག་ལས་ ཉེས་འཛུགས་ཅན་ ངག་དབང་རྡོ་རྗེ་དང་གཅིག་ཁར་ སེམས་མཐུན་ཏེ་ ཕུརཔ་རྒྱལ་མཚན་གྱི་ སྣུམ་འཁོར་ཀི་ཡ་སོ་རེན་ཊོ་དེ་ ཁམས་སཱ་ལྟ་བཤལ་ལས་སྡེའི་ ལས་ཚབ་ཨིནམ་བཟོ་སྟེ་ སྣུམ་འཁོར་གླ་ཁར་ལེན་ཡོད་རུང་ གླ་ཡོན་ཡང་ མ་སྤྲོད་པར་འདུག་ཟེར་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ སྣུམ་འཁོར་ལེན་མི་དེ་ ལྟ་བཤལ་གྱི་དོན་ལུ་མེན་པར་ ཁོང་ར་༢ ཤར་ཕྱོགས་བསམ་གྲུབ་ལྗོངས་མཁར་ལས་ཕར་ བཤལ་བར་སོང་སྟེ་ ཚུལ་མིན་སྤྱོད་ཡོད་པའི་ གསལ་སྟོན་ངེས་བདེན་བྱུང་ནུག།
སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༩ ལུ་ ངག་དབང་རྡོ་རྗེ་དང་ སྐལ་བཟང་བསྟན་འཛིན་གཉིས་ ཁ་འཆམ་ཏེ་ ལེགས་སྐྱིད་རྡོ་རྗེ་གི་ སྣུམ་འཁོར་ པཱ་ར་ཌོ་དེ་ ཁམས་སཱ་ལྟ་བཤལ་ལས་སྡེའི་ ལས་ཚབ་ཨིནམ་བཟོ་སྟེ་ ཇཱར་མཱན་ལྟ་བཤལཔ་༤ ལེན་ནི་ཡོད་ཟེར་སླབ་སྟེ་ གླ་ཁར་ལེན་ཞིནམ་ལས་ ཕུན་ཚོགས་གླིང་ལུ་ བདའ་སོང་ཡོད་མི་ཚུ་ཡང་ ལོག་སྤྱོད་འབད་ཡོདཔ་ངེས་བདེན་བྱུང་ནུག།
སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༡༠ ལུ་ ཉེས་འཛུགས་ཅན་ངག་དབང་རྡོ་རྗེ་གིས་ སྣུམ་འཁོར་གྱི་ཇོ་བདག་ ཀུན་བཟང་རྡོ་རྗེ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ སྣུམ་འཁོར་སཱན་ཏ་ཕི་ གླ་ཁར་ལེན་ཏེ་ སྐལ་བཟང་བསྟན་འཛིན་དང་གཅིག་ཁར་་ རྒྱ་གར་ ན་གཱ་ལེནཌི་ལུ་ འགྲོ་འགྲུལ་འབད་ཞིནམ་ལས་ སྣུམ་འཁོར་དེ་ ཕྱི་མི་ཚུ་ལུ་ བཙོང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཀུན་བཟང་རྡོ་རྗེ་གི་ སྣུམ་འཁོར་སཱན་ཏ་ཕི་དེ་ གཡོ་སྒྱུའི་ཐོག་ལས་ གླ་ཁར་ལེན་ཞིནམ་ལས་ ཁོང་༢ ཁ་བསྡོམས་ཏེ་ བཙོང་ནིའི་འཆར་གཞི་བརྩམས་མ་ཚད་ ན་གཱ་ལེན་ཚུན་ འགྲོ་འགྲུལ་གཅིག་ཁར་འབད་དེ་ རིན་གོང་དངུལ་ཀྲམ་༡༣,༢༡,༧༦༠ གནས་མི་དེ་ དངུལ་ཀྲམ་༦,༠༠,༠༠༠ སྦེ་ བཙོང་པའི་ཤུལ་ལུ་ མ་དངུལ་དེ་ ཁོང་ར་༢ འདྲན་འདྲ་སྦེ་ བགོ་བཤའ་རྐྱབ་སྟེ་ སྤྱོད་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྤྲོད་མི་ཚུ་ཡང་ ཕུརཔ་རྒྱལ་མཚན་ལུ་ དངུལ་ཀྲམ་༢,༠༧,༥༠༠ དང་ ཉམས་རྒུདཔ་ཀུན་བཟང་རྡོ་རྗེ་ལུ་ སྣུམ་འཁོར་སཱན་ཏ་ཕི་གི་ རིན་གོང་དངུལ་ཀྲམ་༡༣,༢༡,༧༦༠ འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་༡༥,༢༩,༢༦༠.༩ ཉེས་འཛུགས་ཅན་༢ ཀྱིས་མཉམ་རུབ་ཐོག་ལས་ སྤྲོད་དགོཔ་ཨིན་པས།
ཉེས་འཛུགས་ཅན་ ངག་དབང་རྡོ་རྗེ་གིས་ ཉམས་རྒུདཔ་ཕུརཔ་རྒྱལ་མཚན་ལུ་ དངུལ་ཀྲམ་༡,༠༣,༧༥༠ དང་ ཀུན་བཟང་རྡོ་རྗེ་ལུ་ དངུལ་ཀྲམ་༦,༦༠,༨༨༠.༤༥ བཅས་ ཡོངས་བསྡོམས་ དངུལ་ཀྲམ་༧,༦༤,༦༣༠ སྤྲོད་དགོཔ་ཡོད་མི་ལས་ དུམ་གྲ་རེ་ སོར་ཆུད་འབད་ཡོད་རུང་ ལྷག་ལུས་ དངུལ་ཀྲམ་༤༦༨,༦༣༠.༤༥ སྤྲོད་དགོཔ་ཐོན་མི་དེ་ ད་ལྟོ་ ལོག་རྩིས་སྤྲོད་འབད་ནིའི་ ཐོན་ཁུངས་མེདཔ་ལས་ རིན་ཐང་དང་བསྟུན་པའི་ བཙོན་ཁྲིམས་ལོ་༡ སྨིན་དགོཔ་ཨིན་པས།
གཡོ་སྒྱུ་དང་ མ་བྱིན་ལེན་གྱི་ཐོག་ལས་ རྒྱུ་དངོས་ཚུ་ ཚུལ་མིན་སྤྱོད་ཡོདཔ་ལས་ ངག་དབང་རྡོ་རྗེ་དེ་ ཉེས་ལས་བསྐྱར་ཟློས་ཅན་དང་ རྒྱུན་འཇགས་གནོད་འགེལ་པ་ཨིན་པའི་ ཉེས་ཁྲིམས་ཚུ་ སྔ་ཕྱིའི་རིམ་པ་རྩིས་བསྡོམས་ ལོ་༧ དང་ཟླཝ་༩ བཙོན་ཁྲིམས་བཀལ་ནུག།
ཨིན་རུང་ ཉེས་འཛུགས་ཅན་ སྐལ་བཟང་བསྟན་འཛིན་ལུ་ གཡོ་སྒྱུ་དང་མ་བྱིན་ལེན་གྱི་ཐོག་ལས་ རྒྱུ་དངོས་ཚུ་ ཚུལ་མིན་སྤྱོད་ཡོདཔ་ལས་ ཉེས་ལས་བསྐྱར་ཟློས་ཅན་དང་ རྒྱུན་འཇགས་གནོད་འགེལ་པ་ཨིན་པའི་ ཉེས་ཁྲིམས་ཚུ་ སྔ་ཕྱིའི་རིམ་པ་རྩིས་ཏེ་ བསྡོམས་ལོ་༩ དང་ཟླཝ་༩ བཙོན་ཁྲིམས་བཀལ་ཡོད་མི་དེ་ ཉམས་རྒུདཔ་ཚུ་ལུ་ བསྡོམས་དངུལ་ཀྲམ་༧,༦༤,༦༨༠ སྤྲོད་ནིའི་ཐོན་ཁུངས་མེད་པའི་ རིན་ཐང་དང་བསྟུན་པའི་ཚབ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གཉིས་ཀྱིས་ གལ་སྲིད་ ཏི་རུ་ཚུ་ སོར་ཆུད་འབད་ཚུགས་པ་ཅིན་ ཁྲིམས་ཚད་མར་ཕབ་འབད་ནི་སྦེ་ ཐོག་མའི་འཁྲུན་ཆོད་བཏོན་གནང་པའི་གུ་ ཆེ་མཐོ་ཁྲིམས་ཁྲི་༡ པ་ལས་ བསྒྱུར་བཅོས་མཛད་དགོཔ་མེད་པར་ བསྟར་སྤྱོད་སྒྲུབ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཁོང་གཉིས་ཀྱིས་ འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་འབད་ཆོགཔ་སྦེ་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ བཀའ་རྒྱ་གནང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment