གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་འགྲུལ་སྐྱོད་སྡེ་ཕྲན་གྱིས་ མཐའ་ཟུར་གྱི་ མི་སེར་ཚུ་ལུ་ཕན་ཁྱད།

༣༡/༡/༢༠༡༣   ༉ གུ་རམ་གྱི་ ནད་གཞི་ཐོབ་མི་ སྐྱེས་ལོ་༡༥ ལང་མི་ ཧེམ་ ཀ་མཱལ་གྱིས་ སླབ་མིའི་ནང་ གླ་འཐུས་སྤྲོད་མ་དགོཔ་སྦེ་ ཐིམ་ཕུ་ལས་ ཌོག་ཊར་མཁས་མཆོག་སྡེ་ཚན་ཅིག་ གཡུས་ཚན་ནང་ ནད་བརྟག་འབད་བར་འོང་ནི་གི་ ལོ་རྒྱུས་གོ་བའི་ཤུལ་ལས་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ བསམ་རྩེ་ རྡོ་རོ་ཁ་དྲུང་ཁག་ནང་ མོ་རའི་ གུ་རམ་ནད་གཞི་གི་གནས་སྟངས་ བརྟག་དཔྱད་འབད་བར་ སོང་ཡི་ཟེར་ཨིན་པས།
སྐྱིད་སྡུག་གི་ གསོ་བའི་ཞབས་ཏོག་སྤྱོད་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ རྡོ་རོ་ཁ་དྲུང་ཁག་གི་ གཡུས་མི་ཚུ།


དྲུང་འཚོ་དང་ མོ་ནད་མཁས་མཆོག་ དེ་ལས་ ཨ་ལུའི་ནད་བརྟག་མཁས་མཆོག་ཅིག་ཡོད་པའི་ སྐྱིད་སྡུག་གི་ གསོ་བའི་འགྲུལ་སྐྱོད་སྡེ་ཕྲན་ཟེར་སླབ་མི་ སྡེ་ཚན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལས་འགུལ་གྱི་ ཡན་ལག་བཟུམ་ཅིག་ཨིན་པས།
སྡེ་ཚན་དེ་གིས་ མཐའ་ཟུར་རྒེད་འོག་གི་ ཉེ་འདབས་སྨན་ཁང་ནང་ མ་ལྷོད་མི་ཚུ་དང་ གསོ་བའི་གཞི་རྟེན་ སྨན་ཁང་ཚུ་མེད་པའི་ གཡུས་མི་ཚུ་ལུ་ ཞབས་ཏོག་བྱིན་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
ད་རེས་ གོ་སྐབས་འདི་ འབྱིད་སོ་པ་ཅིན་ ང་རའི་ གུ་རམ་ནད་གཞིའི་གནས་སྟངས་ ཤེས་མི་ཚུགས་ནི་ཨིནམ་ལས་ བསམ་རྩེ་སྨན་ཁང་དང་ ཡང་ཅིན་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ འགྱོ་དགོཔ་འཐོན་ནི་མས་ཟེར་ ཧེམ་ ཀ་མཱལ་གྱིས་ སླབ་ཨིན་པས།
གཞི་རྟེན་སྨན་ཁང་ནང་ ཚར་༥ དེ་ཅིག་ སོང་བའི་ཤུལ་ལས་ མོ་རའི་ ཨ་པ་གིས་ རྡོ་རོ་ཁ་ལས་ ཀི་ལོ་མི་ཊར་༥༤ དེ་ཅིག་ འགྲོ་འགྲུལ་འབད་དགོ་པའི་ བསམ་རྩེ་སྨན་ཁང་ནང་ བསྐྱལ་ནི་སྦེ་ ཐག་བཅད་ཡི་ཟེར་ཨིནམ་ད་ དེ་བསྒང་རྐྱངམ་གཅིག་ ཌོག་ཊར་གྱིས་ མོ་གི་གཟུགས་ཁར་ གུ་རམ་གྱི་ནད་གཞི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
མོ་བཟུམ་སྦེ་ རྡོ་ཕུག་ཅན་དང་ དུམ་སྟོད་ གདན་ཅུ་ཁ་ཚུ་ལས་ གཡུས་མི་༣༥༠ དེ་ཅིག་གིས་ ནུབ་མོའི་ཆུ་ཚོད་༨ ཚུན་ འཕྲོད་བསྟེན་བརྟག་དཔྱད་འབད་ཡོདཔ་ཨིན་པས།
རྡོ་རོ་ཁ་དྲུང་ཁག་ གདན་ཅུ་ཁ་ལས་ ཉིན་ལམ་༣ རྐང་སྟོང་འབད་འོང་མི་གཡུས་མི་ སྐྱེས་ལོ་༥༥ ལང་མི་ སོམ་ལཱལ་དང་ ད་ལ་རཱཇ་ ལིམ་བུ་གིས་ སླབ་མིའི་ནང་ ད་རེས་ སྨན་ལེགས་ཤོམ་འཐོབ་ཚུགས་པ་ཅིན་ ཉིནམ་ལས་བཅད་དེ་ རྐང་སྟོང་འགྱོ་ནི་ལུ་ འཚེར་སྣང་མེད་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ཨ་རྟག་ར་ སྨན་ཅོག་འཐདཔ་ཟ་སྟེ་ བསུན་ཆི་ཡི་ཟེར་ཨིན་པས།
སྡེ་ཚན་གྱི་འགོ་འཛིན་ ཌོག་ཊར་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བར་འོང་མི་ མང་ཤོས་ར་ ཕོཝ་ན་མི་དང་ ཕོཝ་སྦོ་མི་ དེ་ལས་ རུས་ཚིགས་ཀྱི་ནད་ཐོབ་མི་ རྒས་ཤོསམ་ཚུ་ ཨིན་མས་ཟེར་ཨིན་པས།
མོ་ནད་མཁས་མཆོག་ ཌོག་ཊར་ ཀུན་བཟང་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་གིས་ བཟའ་ཚང་འཆར་གཞིའི་སྐོར་ལས་ ལྷབ་པར་འོང་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིནམ་ད་ ཁོང་ལུ་ དཀའ་ངལ་མང་ཤོས་ར་ གཞི་རྟེན་སྨན་ཁང་ཚུ་ནང་ ཨ་ལུ་ཆགས་པའི་སྐབས་ བརྟག་དཔྱད་འབད་ནི་གི་ ཅ་ཆས་ཚུ་ མེད་པའི་སྐོར་ལས་ ཚ་གྱང་བཤདཔ་མས་ཟེར་ཨིན་པས།
རྡོ་རོ་ཁ་དྲུང་པ་ ཀུན་བཟང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ དྲུང་ཁག་གི་ གཞི་རྟེན་སྨན་ཁང་དེ་ སྡེ་རིམ་༡ པ་ལུ་ ཡར་སེང་རྐྱབ་ནིའི་དོན་ལས་ འཆར་དངུལ་ཚུ་ ཧ་ལམ་ ཆ་འཇོག་གྲུབ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གཞི་རྟེན་སྨན་ཁང་གིས་ ཁྱིམ་གུང་༤༣༦ དེ་ཅིག་ལུ་ ཞབས་ཏོག་བྱིན་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཏེ་ ཨིན་ཟེར་བའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment