གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་རྫོང་ཁག་༤ ནང་ གློག་མེ་ནམ་བཅོ་ཚུགས་ནི་ཨིན་ན་ ངེས་གཏན་མེདཔ།

༢༩/༩/༢༠༡༢   ད་རུང་ མོང་སྒར་རྫོང་ཁག་གི་ རྒེད་འོག་༥ ནང་ འགྲུལ་འཕྲིན་གྱི་ ཡོངས་འབྲེལ་རྒྱུན་ལམ་ཚུ་ཡང་ མེདཔ་ཐལ་ཡོདཔ།
༉ སྤྱི་ཟླ་༩ པའི་ཚེས་༢༥ གི་ དྲོ་པའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ ཤར་ཕྱོགས་མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་རྫོང་ཁག་༤ ནང་ གློག་མེ་མེདཔ་ཐལ་ཏེ་ ཉིན་གྲངས་༤ ལང་སོ་རུང་ ད་ལྟོའི་བར་ན་ཡང་ ལོག་བཅོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མོང་སྒར་ལུ་ གློག་མེ་མེད་མི་ལུ་བརྟེན་ ས་སྣུམ་བཀྲམ་སྤེལ་ཁང་ནང་ གྱིབ་དོབ་ལག་ལེན་འཐབ་སྟེ་ སྣུམ་འཁོར་ནང་
མར་ཁུ་བླུགས་པའི་བསྒང་།

དམག་སྡེའི་འགུབ་བདག་ཅིག་གིས་ ལག་ཁྲམ་མེད་པའི་ས་ཆ་ནང་ སྒྲིང་ཁྱིམ་བཟོ་སྐྲུན།

༢༩/༩/༢༠༡༢   ༉ དགེ་ལེགས་ཕུག་རྒེད་འོག་ ལས་སྐྱིད་ཐང་ལུ་ ལག་ཁྲམ་མེད་པའི་ ས་ཆ་ནང་ སྒྲིང་ཁྱིམ་ཐོག་ཚད་༣ འབད་མི་ཅིག་ བཟོ་སྐྲུན་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ དྲུང་ཁག་བདག་སྐྱོང་གིས་ བཀག་ཆ་འབད་དེ་ ཟླཝ་༤ དེ་ཅིག་ ལང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༩/༩/༢༠༡༢
ཁ་ཙ་ ཐིམ་ཕུ་ བཀྲིས་ཆོས་རྫོང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གྲོ་ལུང་དགོན་པ་ལུ་ སྒྲུབ་པ་གནང་བཞུགས་མི་ ཆུ་ཁ་ རྩི་མ་ཁ་ལས་ སྐྱེས་ལོ་༣༡ ལང་མི་ བསོད་ནམས་ཚེ་རིང་དེ་ སྤུ་ན་ཁ་ དཀར་སྦིས་མཆོད་རྟེན་རྙིང་པོ་ དགེ་འདུན་སློབ་གྲྭའི་ དབུ་འཛིན་གསར་བསྐོས་ཐོག་ ལེགས་དར་གནང་ཡོད་པའི་གནས་ཚུལ།

རྩོད་བཤེར་གྱི་དོན་ལས་ རྫོང་ཁག་ཁྲིམས་ འདུན་ལུ་གཏང་ནི།

༢༩/༩/༢༠༡༢   ༉ ཁ་ཙ་ བུམ་ཐང་སྟང་རྒེད་འོག་ སྦས་ཟུར་གཡུས་ཚན་ནང་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ཆ་རོགས་ལུ་ ཏོག་ཙེ་གིས་ བླུགས་བྱིན་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

ཚོད་བསྲེ་ཚུ་ ག་ཐོབ་བཙོང་མི་ལུ་ ཚོད་བསྲེ་ཚོང་པ་ཚུ་ལས་ཉོགས་བཤད།

༢༩/༩/༢༠༡༢   ༉ ད་རིས་བཟུམ་མའི་ དུས་ཚོད་ནང་ འབྲུག་ལུ་ ཚོད་བསྲེའི་ཚོང་འབྲེལ་ ལེགས་ཤོམ་སྦེ་ འཐབ་ཚུགསཔ་ཨིན་རུང་ ཁྲོམ་གྱི་ཕྱི་ཁ་ལས་ཕར་ ཚོད་བསྲེ་ཚུ་ ག་ཐོབ་སྦེ་བཙོང་མི་ ལེ་ཤ་ཐོན་མི་ལུ་བརྟེན་ ཕུན་ཚོགས་གླིང་གི་ ཚོད་བསྲེ་ཚོང་འབྲེལ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ ཚོད་བསྲེ་ཚོང་པ་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཚོད་བསྲེ་བཙོང་མི་ཚུ་ ཚོད་བསྲེ་ཉོ་མི་མེད་པར་ བསྒུགས་སྡོད་པའི་མཐོང་སྣང།

གནས་ཚུལ་མདོར་བསྡུས།

༢༩/༩/༢༠༡༢
སྤུ་ན་ཁ་ལོད་སྦིས་སའི་ འབྱ་ཚུ་བརྔ་ནི་འགོ་བཙུགས་ཡོདཔ་ད་ ལ་ལུ་ཅིག་གིས་ འདས་པའི་བདུན་ཕྲག་ནང་བརྔ་སྟེ་ ཁྲུས་བབས་ལུ་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།

གཡུས་ཚན་༦ གིས་ རྒེད་འོག་སོ་སོ་དགོ་པའི་ཞུ་བ།

༢༩/༩/༢༠༡༢   ༉ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ རྡོ་ཕུག་ཅན་རྒེད་འོག་ནང་ གཡུས་ཚན་༦ གྱི་ མི་སེར་ཚུ་ རྒེད་འོག་ལྟེ་བའི་ནང་ འགྱོ་ནིའི་དོན་ལུ་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ ཚལ་མ་བདའ་སྟེ་ ལམ་འགྱོ་དགོཔ་ལས་ ཁོང་གི་དོན་ལུ་ རྒེད་འོག་སོ་སོ་ཅིག་ དགོ་འདོད་བསྐྱེདཔ་ཨིན་པས།
བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ སློཔ་གཡུས་ཚན་གྱི་མཐོང་སྣང་།

ཆུམ་ཐོན་པའི་གཡུས་ཁར་ གེ་ཟའི་མཁོ་མངགས་འབད་མི་ ལེ་ཤ་ཐོན་དོ་ཡོདཔ།

༢༩/༩/༢༠༡༢   ༉ སྤུ་ན་ཁ་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ འབྱ་འཚོ་སའི་ རྫོང་ཁག་སྦོམ་ཤོས་ཅིག་ཨིནམ་ལས་ གེ་ཟ་འཛུགས་སྐྱོང་གི་ ལཱ་འབད་མི་ ཉུང་ནི་དེ་གིས་ ད་རེས་ གེ་ཟ་ལུ་བརྟེན་སྡོད་མི་ གཅེས་ཐ་དང་ ཁོ་རའི་གནས་ཚང་ ཚེ་རིང་ལྷ་མོ་གིས་ གེ་ཟའི་ཚོང་སྒྱུར་འཐབ་སྟེ་ མི་ཚེ་དགའ་ཏོག་ཏོ་སྦེ་ སྐྱོང་ཚུགས་དོ་ཡོདཔ་ཨིན་པས།
གཅེས་ཐ་དང་ ཁོ་རའི་གནས་ཚང་ ཚེ་རིང་ལྷ་མོ།

གཏམ་ཞིང་ཕག་ལ་མཆོད་པ་གྲོལ་ཡོདཔ།

༢༨/༩/༢༠༡༢   ༉ ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་པའི་ ཉིན་གྲངས་༣ གྱི་ གཏམ་ཞིང་ ཕག་ལ་མཆོད་པ་དེ་ ཁ་ཙ་ མཇུག་བསྡུ་མི་དང་འབྲེལ་ ཡོངས་གྲགས་ལུ་ ལྤགས་པ་དབང་ཟེར་མིའི་དབང་ཞུ་བར་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་ཡི།
དད་ཅན་མི་མང་ཚུ་གིས་ ལྤགས་པ་དབང་ཞུ་བའི་བསྒང་།

ས་མཚམས་ཁྲོམ་སྡེ་༣ ནང་ འཆོལ་ནད་བཀག་ཐབས་ གཙོ་བོར་བཏོན་ནི།

༢༨/༩/༢༠༡༢   ད་རིས་ འབྲུག་གིས་  འཛམ་གླིང་འཆོལ་ནད་ཀྱི་ ཉིནམ་བརྩི་སྲུང་འབད་ནི་ཨིན་པས།

༉ ད་རིས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ འཛམ་གླིང་འཆོལ་ནད་ཀྱི་ ཉིནམ་བརྩི་སྲུང་འབད་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ར་ འཆོལ་ནད་དེ་ མང་ཤོས་ར་ འབྲུག་གི་ས་མཚམས་བདའ་སྟེ་ ཐོན་མི་ལུ་བརྟེན་ཨིན་པས།

རྡོ་དཀྲུམ་འཕྲུལ་ཚུ་ ལཱ་མེད་པར་ ཐོགས་ལུས་ཡོདཔ།

༢༨/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༩ ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ པ་ལུ་ བཀྲམ་སྤེལ་འབད་མི་ དབང་འདུས་ཕོ་བྲང་ རྒྱུ་གོངམ་ལོགས་ཀྱི་ རྡོ་བཏོན་ས་ཁོངས་དེ་ གནས་སྐབས་ཅིག་གི་དོན་ལུ་ བཀག་འཛིན་འབད་བའི་ཤུལ་ལུ་ གློག་མེ་ལས་འགུལ་དེ་གཉིས་ནང་ ལཱ་འབད་མི་ རྒྱ་གར་ལས་སྡེའི་ འཕྲུལ་ཆས་ཚུ་ ལཱ་མེད་པར་ ལུས་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལཱ་མེད་པར་ལུས་མི་ རྡོ་དཀྲུམ་འཕྲུལ་ཆས།

འབྲུག་གིས་ ཀ་ར་ཏི་རྩེད་འགྲན་ནང་ལས་རྒྱལ་ཁ།

༢༨/༩/༢༠༡༢  
༉ ཐིམ་ཕུ་ཆུ་རྩལ་ཁང་ནང་ ཉིན་གྲངས་༢ ཀྱི་རིང་ རྒྱ་འབྲུག་མཐུན་འབྲེལ་གྱི་ ཀ་ར་ཏི་རྩེད་འགྲན་ འགོ་འདྲེན་འཐབ་མིའི་ནང་ སྡེ་ཚན་གཉིས་ཆ་ར་ལས་ འབྲུག་གིས་ རྒྱལ་རྟགས་ཐོབ་ཅི། དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༦ གི་ཕྱི་རུ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་རེ་ལས་ རྩེད་འགྲན་པ་ དྲག་ཤོས་༧ རེ་ གདམ་ཁ་རྐྱབ་སྟེ་ མཐའ་བཅད་འགྲན་བསྡུར་འབདཝ་ད་ ཆུང་རིམ་སྡེ་ཚན་ལས་ འབྲུག་གིས་ སྐུགས་༢༥ དང་ རྒྱ་གར་གྱིས་༡༥ ཐོབ་པའི་ཁར་ ཆུང་རིམ་འོག་མའི་ནང་ལས་ འབྲུག་གིས་ སྐུགས་༣༥ དང་ རྒྱ་གར་གྱིས་༡༧ མ་གཏོགས་ཐོབ་མ་ཚུགསཔ་ལས་ དབྱེ་སྡེ་ཁག་གཉིས་ཆ་ར་ལས་ འབྲུག་གིས་ རྒྱལ་ཁ་ཐོབ་ཅི།
སྤྱི་ཟླ་༩ པའི་ཚེས་༢༥ ལུ་ འབྲུག་གིས་ རྟགས་མ་ཡོངས་བསྡོམས་༢༨ ཐོབ་ཡོདཔ་ད་ རྒྱ་གར་གྱིས་ རྟགས་མ་༡༨ ལས་བརྒལ་ཐོབ་མ་ཚུགས་པས།
རྩེད་འགྲན་ནང་ འབྲུག་ལས་ རྩེད་འགྲན་པ་༦༠ དང་ རྒྱ་གར་ལས་ མི་གྲངས་༥༠ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཙོན་པ་བྱོག་སོང་མི་༢ ལུ་ རྒྱབ་སྐྱོར་འབད་མི་འཛིན་བཟུང་།

༢༨/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༢ ལུ་ ཐིམ་ཕུ་ཁྲོམ་སྡེ་ཁྲིམས་སྲུང་འགག་སྡེའི་ དོ་དམ་ཁང་ནང་ལས་ བྱོག་སོང་མི་ བཙོན་པ་༢ ལུ་ གནསཔ་བརྙ་བཅུག་མི་ སྤ་རོ་ལས་ སྐྱེས་ལོ་༤༠ ལང་མི་ ཕོ་སྐྱེས་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ བཙོན་པ་༢ ཧཱ་ལུ་ བྱོག་འགྱོ་བའི་བསྒང་ཨིན་པས།

གློག་རྒྱུན་ར་བ་ལུ་བརྟེན་ མི་སེར་ཚུ་ ལོ་ཐོག་སྲུང་མ་དགོ་པའི་ཕན་ཁྱད།

༢༨/༩/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གླང་ཆེན་ཕུག་རྒེད་འོག་ནང་ དུས་ཅི་ལས་ གྲོང་གསེབ་མི་སེར་ཚུ་ ནུབ་མོར་རང་སོའི་ལོ་ཐོག་སྲུང་མ་དགོཔ་མ་ཚད་ ད་རིས་ཀྱི་ ལོ་ཐོག་གི་ ཐོན་ཤུགས་ཚུ་ཡང་ ཧྲིལ་བུམ་སྦེ་ འཐོབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མ་ཚུགས་པར་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་སྐྱེས་བའི་མཐོང་སྣང་།

སྤ་རོཔ་ཚུ་གིས་ ལོ་ཐོག་གསར་ཕུད་བཏོག་པའི་བསྒང་ཡོདཔ།

༢༧/༩/༢༠༡༢   ༉ ད་རེས་ནངས་པ་ སྤ་རོའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ཚུ་གིས་ ལམ་གཡས་གཡོན་ལུ་ཡོད་མི་ ཨ་རིང་ཚུ་ནང་ ཨམ་སྲུ་ཚུ་གིས་ མགུ་རས་དཀྱི་སྟེ་ འབྱ་སྲིབ་དང་ རེད་ཀྱི་གསར་ཕུད་བཏོག་སར་ མཐོང་གསལ་བྱུང་མི་དེ་ གནམ་སེར་ཁ་འཐོན་རན་པའི་ བརྡ་མཚོན་ཅིག་ཨིན་པས།
ཚེ་རིང་སྒྲོལ་མ་དང་ མོ་གི་ལས་མི་ ལྷབ་རྒྱལམོ་༢ ཀྱིས་ སྐྱིད་ཆུ་ལྷ་ཁང་ཁ་ཐུག་ལུ་འགྱོ་སའི་ སྦོ་ལོགས་ཁར་ ལོ་ཐོག་གསར་ཕུད་ཀྱི་དོན་ལུ་ རེད་མགོ་གཞར་བའི་བསྒང་།

སྒོ་ནོར་མང་ཤོས་ར་ འཕརཝ་ཚུ་གིས་ བསད་དོ་ཡོདཔ།

༢༧/༩/༢༠༡༢   ༉ སོ་ནམ་ལྷན་ཁག་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་སྐོར་ལས་ ཞིབ་འཚོལ་ཅིག་འབདཝ་ད་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ མཐོ་ཤོས་ར་ འཕརཝ་ཚུ་ཨིན་པའི་མངོན་གསལ་བྱུང་ནུག།

སྣུམ་འཁོར་གྱི་ ཇོ་བདག་ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ།

༢༧/༩/༢༠༡༢   ༉ བུམ་ཐང་ལས་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༩ པའི་ཚེས་༢༥ གི་ཉིན་མར་ ཕུན་ཚོགས་གླིང་ལུ་འགྱོཝ་ད་ ས་གནས་ ཕྱ་སི་ལ་ཁ་དང་ པ་དི་ཆུའི་བར་ན་ ཁོ་ར་བདའ་འགྱོ་མི་ སྣུམ་འཁོར་ཀཱར་དེ་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ རྨ་སྐྱོན་ཤུགས་སྦེ་ར་བྱུང་སྟེ་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ནུག།

མོང་སྒར་ལུ་ དད་ཅན་སྟོང་ཕྲག་ལེ་ཤ་ཅིག་གིས་ བཀའ་ཁྲིད་ཞུ་ཡོདཔ།

༢༧/༩/༢༠༡༢   ༉ རྒྱལ་ཁབ་ཀྱི་ རྫོང་ཁག་ལ་ལུ་ཅིག་ནང་ ལོ་བསྟར་གྱི་ ཚེས་བཅུ་ཚུ་ལུ་བརྟེན་ འུར་བྱེལ་འཐབ་པའི་བསྒང་ཡོདཔ་བཞིན་དུ་ འདས་པའི་ཉིན་གྲངས་༡༡ གི་རིང་ མོང་སྒར་ལུ་ཡང་ ཆོས་ཕྱོགས་དང་འབྲེལ་བའི་ འུར་སྒྲ་སྦོམ་བྱུང་མི་དེ་ རང་ཟླ་༨ པའི་ཚེས་༡༠ ལུ་ མཇུག་བསྡུ་ཡི།
རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ མོང་སྒར་ལུ་ ཁྲཅམ་དབང་གནང་པའི་བསྒང་།

རྐང་འགྲུལཔ་ཚུ་གི་དོན་ལུ་ སྣུམ་འཁོར་ལམ་གུ་ལས་ ཟམ་རྐྱབ་ནི།

༢༧/༩/༢༠༡༢   ༉ ཐིམ་ཕུ་ཁྲོམ་གྱི་ སྣུམ་འཁོར་ལམ་བདའ་སྟེ་ མི་མང་རྐང་ཐང་སྦེ་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་ སྣུམ་འཁོར་ལམ་སྐེདཔ་བཏོག་འགྱོ་ནིའི་དོན་ལུ་ འོག་ལམ་དང་ སྣུམ་འཁོར་ལམ་གི་གུ་ལས་ཕར་ རྐང་ཐང་འགྱོ་ནིའི་དོན་ལུ་ ཟམ་རྐྱབ་དགོཔ་དེ་ ཐིམ་ཕུ་ཁྲོམ་སྡེའི་འཆར་གཞིའི་གྲས་ལས་ གཙོ་རིམ་ཅན་ཅིག་ཨིན་པས།

ལོ་ལྷག་སོ་རུང་ རྒུད་འཐུས་མ་འཐོབ་པར་ཡོདཔ།

༢༧/༩/༢༠༡༢   ༉ དར་དཀར་ནང་ འབྲུག་རྗེས་སྒང་རྒེད་འོག་ ཐང་ན་གཡུས་ཚན་ལས་ སྐྱེས་ལོ་༤༦ ལང་མི་ རིན་ཆེན་མོ་གི་ ཁྱིམ་དེ་ འདས་པའི་ཟླཝ་༩ དེ་ཅིག་གི་ཧེ་མར་ མེ་རྐྱེན་ཤོར་ཏེ་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ཁྱིམ་མེ་གིས་འཚིགས་ཏེ་ སྦ་སྒོར་རྐྱབ་སྡོད་མི་རིན་ཆེན་མོ།

ཤར་ཕྱོགས་རྫོང་ཁག་༤ ནང་ གློག་མེ་མེད་པར་ ཉིནམ་༣ སོང་ཡོདཔ།

༢༧/༩/༢༠༡༢   ༉ མོང་སྒར་དང་ པདྨ་དགའ་ཚལ་གྱི་བར་ན་ གློག་མེའི་བརྒྱུད་ཆས་ ཀཱན་ཌག་ཊར་ཅིག་ མེདཔ་ཐལ་སོཔ་ལས་ ཤར་ཕྱོགས་རྫོང་ཁག་༤ ནང་ སྤྱི་ཟླ་༩ པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་༡ དེ་ཅིག་ལས་ གློག་མེ་མེདཔ་ལས་ མི་མང་གི་ ཞབས་ཏོག་ཚུ་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན།

བློན་ཆེན་གྱིས་ འཛམ་གླིང་སྤྱི་ཚོགས་ནང་ རེས་གཟའ་སྤེན་པ་ལུ་ གསུང་བཤད་གནང་ནི།

༢༧/༩/༢༠༡༢   ༉ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཚོགས་འདུའི་ ཚོགས་ཐེངས་༦༧ པའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་གཞུང་གི་ འཐུས་མི་སྡེ་ཚན་འགོ་ཁྲིད་ཐོག་ བྱོན་ཡོད་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ནངས་པ་དྲོ་པར་ རྒྱལ་སྤྱི་ཚོགས་འདུའི་ནང་ གསུང་བཤད་གནང་ནི་ཨིན་པས།
བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ དབུ་ཁྲིད་ཚུ་དང་ གསུང་གྲོས་གནང་པའི་བསྒང་།

རིན་མེད་བརྒྱུད་འཕྲིན་ཨང་གྲངས་ཞབས་ཏོག་ ལག་ལེན་འཐབ་མི་མེདཔ།

༢༧/༩/༢༠༡༢  ༉ སློབ་ཕྲུག་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཤེས་རིག་རྩ་གཞུང་ཞིབ་འཚོལ་དང་ གོང་འཕེལ་ལས་ཁུངས་ནང་ སློབ་དཔོན་ལིང་ཀ་ཟེར་མི་ རིན་མེད་ཐོག་ བརྒྱུད་འཕྲིན་གཏང་ནི་གི་ ཞབས་ཏོག་ཨང་གྲངས་ཅིག་ འགོ་བཙུགས་ཏེ་ ཟླཝ་༣ ལང་ཡོད་རུང་ ལག་ལེན་འཐབ་མི་ མི་འཐོན་དོ་ཡོདཔ་ཨིན་པས།

དབང་འདུས་རྫོང་གི་ མེ་རྐྱེན་ནང་ གསེར་སྒྲོན་མའི་སྐུ་༢༠ དེ་ཅིག་འཚིགས་ཡོདཔ།

༢༦/༩/༢༠༡༢   ༉ དུས་རབས་༡༧ པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་པའི་སྐབས་ གསེར་སྒྲོན་མའི་སྐུ་༢༠ དེ་ཅིག་ མེ་གིས་འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་ནང་ལས་ ཉམས་སྐྱོན་མེད་པར་ལོག་ཐོབ་མི་ རྒྱལ་བ་བྱམས་མགོན་གྱི་ སྐུ་འདྲ་གསུང་བྱོན་མ།

མི་དབང་རྒྱལ་བཙུན་རྣམ་༢ དབང་འདུས་ཚེས་བཅུ་ནང་ བྱོན་གནང་ཡོདཔ།

༢༦/༩/༢༠༡༢    ༉ ཁ་ཙ་ དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་ཉིན་མཇུག་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྗེ་བཙུན་རྣམ་༢ ཆིབས་བསྐྱོད་གནང་ཐོག་ལས་ ཚོགས་གླིང་དང་ གིང་འཆམ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ གཟིགས་གནང་ཡི།
ཁ་ཙ་ དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་དང་བཅསཔ་སྦེ་ གྲོལ་བའི་སྐབས་ལུ་ ཤར་དར་བརྒྱད་ཀྱི་ ཨམ་སྲུ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ ཚོགས་ཆང་དྲང་པའི་བསྒང་།

དུས་ཅི་ དོག་མ་གི་ འོང་འབབ་རྒྱ་ཆེཝ་བཟོ་མི་ཚུགས་ནི།

༢༦/༩/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཆེན་ཕུག་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ས་སྒའི་ཤུལ་ལས་ར་ དོག་མ་ཤིང་དེ་ འབབ་ཁུངས་ཀྱི་ ཐོན་ཁུངས་གཙོ་ཅན་ཅིག་ཨིན་རུང་ དུས་ཅིའི་ལོ་ནང་ དངུལ་རྐྱང་གི་འོང་འབབ་ མར་འབབ་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།

རྒྱ་གར་གྱི་ རུ་པི་ཐོབ་ཐབས་ལུ་ ཐབས་བྱུས་ལག་ལེན་ མཐར་འཁྱོལ་བྱུང་མ་ཚུགསཔ།

༢༦/༩/༢༠༡༢   ༉ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བདུན་ཕྲག་༡ ཀྱི་རིང་ དྲི་ཞིབ་འབད་བའི་ཤུལ་ལུ་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་གི་ ལས་བྱེདཔ་ཅིག་གིས་ ནང་འདྲེན་པ་གཞན་ཚུ་གི་ མིང་བཙུགས་ཐོག་ལས་ ཡིག་ཆ་རྫུས་བཟོ་དང་ ཤོབ་རྐྱབ་སྟེ་ ཅ་ཆས་གསལ་སྟོན་འབད་བའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཡོངས་གྲགས་ཅན་གྱི་ ཐིམ་ཕུའི་ཚེས་བཅུ་ཉིནམ་༢ པ།

༢༦/༩/༢༠༡༢   ༉ ཐིམ་ཕུ་ཚེས་བཅུའི་སྐབས་ལུ་ བྱིན་རླབས་ཅན་གྱི་ གར་འཆམ་གནང་སར་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ རང་གི་གྱོན་ཆས་ ལེགས་ཤོམ་ཚུ་གྱོན་ཏེ་ གཟབ་སྤྲོས་རྡིག་ཐོག་ལས་ རྟེན་འབྲེལ་ཐང་ནང་ ཁྲ་ཅནམ་ཅནམ་སྦེ་ འཛོམས་དོ་ཡོདཔ་མ་ཚད་ ཕྱི་རྒྱལ་ཁབ་ནང་ལ

རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ དུས་དྲན་གུས་བཏུད་ལུ་ མེ་ཏོག་ཕུལ་ཡོདཔ།

༢༦/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ ཁྲུས་བབས་ཀྱི་ ཉིནམ་དང་བསྟུན་ ནེ་དར་ལེནསི་གི་ས་གནས་ བེན་ལོ་ལུ་ འཛམ་གླིང་ལྡུམ་ར་རིག་པའི་འགྲེམ་སྟོན་དེ་ནང་ ལྟདམོ་ལྟ་མི་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་སར་ འབྲུག་གི་ཉིནམ་བརྩི་སྲུང་ འབད་ཡོདཔ་ཨིན་པས།
འབྲུག་གི་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཞུ་བའི་ བརྡ་མཚོན་ལུ་ཕུལ་མི་ དྲིལ་བུ་མེ་ཏོག་དང་གཅིག་ཁར་ བློན་ཆེན་གྱི་ དམིགས་བསལ་སྐུ་ཚབ་ བློན་པོ་བགྲེསཔ་ དར་མགོ་ཚེ་རིང་དང་ བཱ་ར་སེལསི་ལུ་ འབྲུག་གི་གཞུང་ཚབ་ བསོད་ནམས་ཚེ་དབང་དང་ འགོ་དཔོན་ཚུ།               
དྲིལ་བུ་མེ་ཏོག།            Photo Courtesy: Rammstein

སྐོར་ཕུག་གཡུས་ཚན་ནང་ མེ་རྐྱེན་ལུ་བརྟེན་ ཉམས་རྒུད་བྱུང་མི་ཚུ་ལུ་ རྒུད་གསོའི་གྲོགས་རམ།

༢༦/༩/༢༠༡༢  

༉ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ ཀྲོང་གསར་རྫོང་ཁག་གི་ མཐའ་ཟུར་ས་གནས་ སྐོར་ཕུག་གཡུས་ཚན་ནང་ མེ་རྐྱེན་བྱུང་པའི་སྐབས་ རང་ལུགས་ཀྱི་ སྡོད་ཁྱིམ་༢ མེ་གིས་འཚིགས་ཏེ་ སྡོད་གནས་མེདཔ་བཟོ་མི་ བཟའ་ཚང་ཚུ་ལུ་ གློ་བུར་གྱི་ མཐུན་རྐྱེན་ཚུ་ བྱིན་ཡོདཔ་ཨིན་པས།

རང་ལུགས་ཀྱི་ཁྱིམ་གཉིས་ མེ་གིས་འཚིགས་ཏེ་ བྱང་ཁོགས་ཐལ་བའི་མཐོང་སྣང་།

སྤེལ་དཔོན་གྱིས་ ཨར་རྐུན་འབད་བའི་ ཞིབ་དཔྱད་མཇུག་མ་བསྡུ་བར་ཡོདཔ།

༢༦/༩/༢༠༡༢ ཨར་རྐུན་གྱི་ ཅ་ཆས་ཚུ་ ཇོ་བདག་ག་དང་ག་གི་ཨིན་ན་ བདེན་དཔྱད་འབད་མ་ཚུགས་པར་ལུས་ནུག།

༉ ཁྲིམས་སྲུང་འགག་སྡེའི་ སྤེལ་དཔོན་ཅིག་གིས་ ཐིམ་ཕུ་ཁྲོམ་སྡེའི་ནང ཨར་རྐུན་མང་རབས་ཅིག་ འབད་བའི་ཁར་ རང་གི་འབབ་ཁུངས་དང་མ་འཁྲིལ་བའི་ རྒྱུ་དངོས་འཆང་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ དོ་དམ་འོག་ལུ་བཞག་ཡོད་རུང་ ད་ལྟོའི་བར་ན་ཡང་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ཡོད་ཟེར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།

དུས་ཅི་ དབང་འདུས་རྫོང་ཁག་ནང་ ལོ་ལེགས་ནིའི་བརྡ་མཚོན་སྟོན་ཡོདཔ།

༢༥/༩/༢༠༡༢   ༉ དབང་འདུས་ཕོ་བྲང་ ལོ་བསྟར་ཚེས་བཅུའི་ རྟེན་འབྲེལ་དང་འཁྲིལ་བ་ཅིན་ ད་ལས་ཕར་ ལོ་གཅིག་གི་རིང་ རྫོང་ཁག་ནང་ ལོ་ལེགས་ནི་ཨིནམ་ད་ དེ་ཡང་ ཁ་ཙ་ ཚེས་བཅུ་ཉིནམ་༣ པའི་ནང་ རྡོ་ལུང་པའི་ རཀྴ་མགོ་འཆམ་རྐྱབ་པའི་སྐབས་ བརྡ་མཚོན་སྟོན་ཡི། 
ཀུན་ལེགས་ཚེ་རིང་དང་ ཀུན་ལེགས་རྡོ་ཕུག་གིས་ རྡོ་ལུང་པའི་ རཀྴ་གླང་མགོ་ བཟུང་པའི་བསྒང་།

རྡོ་གཞོང་དགོན་པའི་ གཅན་གཟན་སྟག་གིས་ ད་རུང་ གླང་༡ ལུ་ གནོདཔ་བཀལ་ཡོདཔ།

༢༥/༩/༢༠༡༢   ནགས་ཚལ་འགོ་དཔོན་གྱི་ སྡེ་ཚན་སོ་སོ་ཅིག་གིས་ སྟག་བཟུང་ནིའི་དོན་ལུ་ ཧིང་བཀལ་བཞག་ནུག།

༉ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ གཅན་གཟན་སྟག་དེ་ ད་ལྟོའི་བར་ན་ཡང་ བཟུང་མ་ཚུགས་པར་ཡོདཔ་ལས་ ད་རུང་ ནགས་ཚལ་འགོ་དཔོན་སྡེ་ཚན་གསརཔ་ཅིག་ ས་ཁོངས་དེ་ནང་འོང་ནུག།
རྡོ་གཞོང་དགོན་པ་ལུ་མཐོང་མི་ སྟག་གི་རྐང་རྗེས།

སྣུམ་འཁོར་ཆུང་བ་རྐྱངམ་གཅིག་གི་དོན་ལུ་ རྒྱུན་འགྲུལ་ལག་ལེན།

༢༥/༩/༢༠༡༢   ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལྗིད་ཅན་འཕྲུལ་ཆས་འབག་མི་ སྣུམ་འཁོར་ཊཱག་ཅིག་གིས་ སྤྱི་ཟླ་༩ པའི་ཚེས་༤ ལུ་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ རྫོང་ཁ་ལུངམ་ཟམ་ མེདཔ་བཏང་མི་དེ་ སྤྱི་ཟླ་༩ པའི་ཚེས་༢༣ ལས་ སྣུམ་འཁོར་ཆུང་བ་ཚུ་ ཐལ་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་པས།
སྣུམ་འཁོར་ཆུང་བ་རྐྱངམ་གཅིག་གི་དོན་ལུ་ རྒྱུན་འགྲུལ་ལག་ལེན་འཐབ་ཡོད་པའི་ རྫོང་ཁ་ལུངམ་ཟམ།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནིའི་གཙོ་རིམ།

༢༥/༩/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་སྤྲོད་ནི་ལུ་ ཚ་གྱང་དང་ གདོང་ལེན་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

དེད་གཡོགཔ་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༢༥/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༣ གྱི་ཕྱི་རུ་ ཀྲོང་གསར་ལས་ སྦྱིས་ཟམ་ཁ་ཐུག་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ སྣུམ་འཁོར་བེན་ཅིག་ རྦོལ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༢ ལང་མི་ དེད་གཡོགཔ་དེ་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་འབད་མི་༢ མེ་གིས་འཚིགས་ཡོདཔ།

༢༤/༩/༢༠༡༢   ༉ ཀྲོང་གསར་རྫོང་ཁག་ སྐོར་ཕུག་གཡུས་ཚན་ནང་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་འབད་མི་༢ མེ་རྐྱེན་གྱིས་ རྩ་བ་ལས་ར་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ཁ་ཙ་ རང་ལུགས་ཀྱི་ཁྱིམ་༢ མེ་གིས་འཚིགས་ཡོད་པའི་ ཀྲོང་གསར་ སྐོར་ཕུག་གཡུས་ཚན།

གནས་ཚང་དམར་བསད་འབད་མི་ དོགས་ཅན་འཛིན་བཟུང་།

༢༤/༩/༢༠༡༢   ༉ མགར་ས་འདམ་སྦྱིས་རྒེད་འོག་ སྟར་ཤིང་ཐང་ལུ་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་ སྐྱེས་ལོ་༦༨ ལང་མི་དེ་ དམར་བསད་འབད་བའི་ དོགས་པ་ལུ་བརྟེན་ སྤུ་ན་ཁའི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།

གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ ཐོབ་ལམ་ཚུ་ བློས་གཏང་དགོཔ།

༢༤/༩/༢༠༡༢   ༉ བཙག་འཐུ་ལྷན་ཚོགས་ཀྱི་ དགོངས་དོན་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཤུལ་མའི་ ཚོགས་སྡེའི་བཙག་འཐུ་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ ད་རེས་ དགོངས་ཞུ་འབད་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མིའི་ ཐོབ་དབང་དང་འབྲེལ་བའི་ ཁེ་ཕན་ཚུ་ བློས་གཏང་དགོཔ་ཨིན་པས།
དེ་ཡང་ ཚོགས་སྡེའི་འཐུས་མི་ཚུ་གིས་ གནས་ཡུན་ལོ་༥ མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ ག་ནི་ཡང་ མི་འཐོབ་ནི་ཨིན་པས།


གཟིག་གིས་ གནོད་སྐྱོན་རྐྱབ་མི་ཕོ་སྐྱེས་ཅིག་ སྨན་ཁང་ནང་ལས་ ལོག་བཏང་ཡོདཔ།

༢༤/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ ཁྱིམ་ཅིག་ནང་ གཟིག་ཐོན་ཏེ་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་གི་ མགུ་ཏོ་གུ་ རྨ་སྐྱོན་དུམ་གྲ་ཅིག་ བཏོན་ཡོདཔ་ཨིན་པས།

ཉོ་སྒྲུབ་འབད་མི་ས་ཆ་ གཞན་གྱི་མིང་ཐོག་ཁར་ འཇལ་མི་ལུ་སེམས་ཕམ།

༢༤/༩/༢༠༡༢   ༉ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་ལུ་ བཟའ་ཚང་ཅིག་གིས་ ལོ་ངོ་མང་རབས་ཅིག་གི་རིང་ ཟ་སྤྱོད་འབད་མི་ས་ཞིང་ཚུ་ ད་རེས་འབདཝ་ད་ གཞན་གྱི་མིང་ཐོག་ཁར་ འཇལ་བྱིན་མི་ལུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན་པས།
ས་ཆ་གཞན་ལུ་ འཇལ་བྱིན་མི་ལུ་བརྟེན་ དབུགས་འགམ་སྡོད་མི་ པར་ཝི་ཏ་ ནི་རུ་ལ་ (ཁེན་འཇར་ལྕང་ཁ་གྱོན་མི་) དང་ བཟའ་ཚང་ནང་མི་ཚུ།

རྒྱ་གར་གྱི་ གླ་འཁོར་ནང་ འགྲུལ་བསྐྱོད་འབད་མི་ འབྲུག་ མི་༦ ལུ་རྨ་སྐྱོན།

༢༤/༩/༢༠༡༢   འབྲུག་མི་༦ ལས་༢ ལུ་ རྨ་སྐྱོན་ཚབས་ཆེན་བྱུངམ་ལས་ ཨམ་སྲུ་ཅིག་ སི་ལི་གུ་རུ་དང་ ཕོ་སྐྱེས་ཅིག་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ནུག།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ རྒྱ་གར་གྱི་གླ་འཁོར་ ཊ་ཊ་ས་ཕ་རི་ཅིག་ འབྲུགཔ་དང་ རྒྱ་གར་གྱི་ ལམ་འགྲུལཔ་ཚུ་འབག་སྟེ་ འགྱོ་བའི་སྐབས་ རྒྱ་གར་ནུབ་བེང་གཱལ་གྱི་ས་གནས་ དཱལ་མོར་སྦོ་ལོགས་ཁར་ལྷོདཔ་ད་ རྦོབ་རིལ་ཡར་སོཔ་ལས་ འབྲུག་མི་༢ ལུ་ རྨ་སྐྱོན་ཚབས་ཆེན་དང་ གཞན་༤ ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
བསམ་རྩེ་སྒོམ་ཀྲུའི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྨ་སྐྱོན་ཚབས་ཆེན་བྱུང་མི་ ལམ་འགྲུལཔ་ཨམ་སྲུ་དེ་ རྒྱ་གར་སི་ལི་གུ་རིའི་ སྨན་ཁང་ནང་ བསྐྱལ་ཡོདཔ་མ་ཚད་ ལམ་འགྲུལཔ་ཕོ་སྐྱེས་དེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡི་ཟེར་ཨིནམ་ད་ ལམ་འགྲུལཔ་གཞན་༤ པོ་དེ་ སྒོམ་ཀྲུ་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྐྱེན་ངན་དེ་ཡང་ སྒོམ་ཀྲུ་ལས་ ཀི་ལོ་མི་ཊར་༡༠ གི་ས་ཁར་ བྱུང་ཡོདཔ་ད་ ཨམ་སྲུ་༣ རྩིས་ཏེ་ འབྲུག་མི་༦ འབག་མི་ གླ་འཁོར་དེ་ སྒོམ་ཀྲུ་དང་ སྒོམ་ཀྲུ་ལས་ ཀི་ལོ་མི་ཊར་༣༠ གི་ས་ཁར་ཡོད་མི་ བིར་པ་རའི་བར་ན་ ལམ་འགྲུལ་འབད་མི་ཅིག་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་པའི་སྐོར་ལས་ གནོད་སྐྱོན་བྱུང་མི་ཚུ་གིས་ ཉིན་མའི་ཆུ་ཚོད་༡.༢༠ དེ་ཅིག་ཁར་ སྙན་ཞུ་འབད་མི་དང་འཁྲིལ་ དེ་འཕྲོ་ལས་ ས་ཁོངས་དེ་ནང་ སོང་ཡི་ཟེར་ཨིནམ་ད་ སྣུམ་འཁོར་རྦོབ་རིལ་བའི་ རྐྱེན་ངན་ནང་ རྨ་སྐྱོན་བྱུང་མི་ཚུ་ བློ་སླབ་མ་ཚུགས་མི་ལུ་བརྟེན་ ཁོང་ཆ་ཁྱབ་ ཕྱོགས་ག་ཏེ་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ གླ་འཁོར་དེ་ སྒོམ་ཀྲུ་ལས་ སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་བྱུང་པའི་ཤུལ་ལུ་ དེད་གཡོགཔ་དེ་ ས་གནས་དེ་ཁ་ལས་ བྱོག་སོང་ཡོདཔ་ཨིན་རུང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ གླ་འཁོར་ལུ་ རྐྱེན་ངན་བྱུང་པའི་སྐོར་ དེད་གཡོགཔ་དེ་གིས་ ཁོང་འབད་སར་ སྙན་ཞུ་འབད་བར་ ལྷོད་ཡོདཔ་སྦེ་ སླབ་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
གནོད་སྐྱོན་བྱུང་མི་ཚུ་ སྒོམ་ཀྲུ་དང་ དེ་གི་ཕྱི་ཁར་སྡོད་མི་ཚུ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་བཏོན་མི་ཚུ་གིས་ ནང་འདྲེན་དུམ་གྲ་ཅིག་ མར་བབས་སོང་ཡོདཔ།

༢༤/༩/༢༠༡༢   ༉ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ནང་འདྲེན་གྱི་རིགས་ལེ་ཤ་ཅིག་ར་ བཀག་ཆ་འབད་བའི་ཁར་ དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ཚུ་ཡང་ བཀག་ཆ་འབད་དེ་ རུ་པིའི་ལག་ལེན་གྱི་ཚད་གཞི་ཚུ་ མར་ཕབ་འབད་མི་དེ་གིས་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ ནང་འདྲེན་གྱི་གནས་སྟངས་ནང་ མར་ཕབ་དུམ་གྲ་ཅིག་ གསལ་སྟོན་འབདཝ་ཨིན་པས།

རྒྱལ་པོའི་ཞིང་གི་ས་ཆའི་ ཉོགས་བཤད་ཚུ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་མེདཔ།

༢༢/༩/༢༠༡༢   ༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་དེ་ ཁྲིམས་གཏུགས་འབད་ནི་གི་ ཁྲིམས་ཀྱི་གཞི་ཁུངས་མིན་འདུག་ཟེར་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ བསམ་བཀོད་སྙན་ཞུ་ཅིག་ བཏོན་པའི་ཤུལ་ལུ་ མི་མང་གིས་ བསམ་ལན་སྣ་ཚོགས་བཀོདཔ་ཨིན་པས།

རྨགཔ་གིས་ གནས་ཚང་དམར་བསད་འབད་ཡོདཔ།

༢༢/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྲས་ཕུ་རྒེད་འོག་ བེམ་པོ་ལུ་གཡུས་ཚན་ནང་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༣༧ ལང་མི་ ཁོ་རའི་གནས་ཚང་ལུ་ གྱི་རྐྱབ་སྟེ་ དམར་བསད་འབད་བའི་དོགས་པ་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་དེ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

སྤྱི་ཟླ་༡༠ པ་ལས་ ཆུ་ཁྲལ་བརྒྱ་ཆ་༡༠ ཡར་སེང་འབད་ནི།

༢༢/༩/༢༠༡༢   ༉ ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ ད་ལས་ཕར་ ཚུལ་མཐུན་ཐོག་ལས་ འཐུང་ཆུ་ལག་ལེན་འཐབ་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཁྲོམ་སྡེའི་ཚོགས་འདུ་ཐེངས་༥ པའི་ནང་ འཐུང་ཆུའི་ཁྲལ་དེ་ ཤུལ་མའི་བདུན་ཕྲག་ལས་ བརྒྱ་ཆ་༡༠ ཡར་སེང་འབད་ནི་སྦེ་ ཆ་འཇོག་གྲུབ་ནི་དེ་གིས་ཨིན་པས།

ཆུ་ལག་ལེན་འཐབ་མི་ ཕུན་ཚོགས་གླིང་གི་སྡོད་ཁྱིམ་པ་ ཨམ་སྲུ་ཅིག།

བུམ་ཐང་ལུ་ རྐང་འགྲུལ་པའི་ཉིནམ་ལུ་ དཀའ་རྙོགས་འབྱུང་དོ་ཡོདཔ།

༢༢/༨/༢༠༡༢   ༉ གཞུང་གིས་ རྐང་འགྲུལ་པའི་ཉིནམ་ འགོ་བཙུགས་མི་དང་འབྲེལ་ བུམ་ཐང་རྫོང་ཁག་ནང་ སྤྱི་ཟླ་༦ པ་ལས་ ལག་ལེན་བསྟར་སྤྱོད་འབད་ནི་འགོ་བཙུགས་ཡོད་རུང་ རེས་གཟའ་ལྷགཔ་ཨ་རྟག་ར་ ལམ་ལུགས་དེ་ལུ་ མ་གནས་མི་ དེད་གཡོགཔ་ཚུ་མ་ཆད་པར་ ཐོན་དོ་ཡོདཔ་ཨིན་པས།

གཡུས་སྒོའི་ནང་ གསོ་བའི་སྨན་པ་མེད་མི་གིས་ མི་སེར་ཚུ་ལུ་དཀའ་ངལ།

༢༢/༩/༢༠༡༢   ༉ སྐྱེས་ལོ་༣༠ ལང་མི་ ཚེ་དབང་(མིང་ངོ་མ་མེན) ཁོ་ར་ ཐབ་ཤིང་འཐུ་བར་འགྱོ་བའི་སྐབས་ལུ་ རྐངམ་གུ་གྱི་ཅུང་གིས་ཕོག་ཡོདཔ་ལས་ རྨ་ཁ་དྲག་ཚུགས་ནི་ལུ་ ཟླཝ་དག་པ་ཅིག་འགོར་ཡོད་མི་ལུ་བརྟེན་ ཁོ་གི་སེམས་ཁར་ མནོ་བསམ་བཏང་དགོཔ་ ཅིག་ལས་བརྒལ་མེད་མི་དེ་ཡང་ ཁོང་གི་གཡུས་སྒོའི་ནང་ གསོ་བའི་ལས་རོགསཔ་ཅིག་ཡོད་པ་ཅིན་ དེ་བཟུམ་མའི་ གློ་བུར་གྱི་སྨན་བཅོས་ཚུ་ དེ་འཕྲོ་ལས་ འབད་ཚུགས་ནི་མས་ཟེར་བའི་བསམ་བཀོད་ཨིན་པས།
གློ་བུར་སྨན་བཅོས་ཞབས་ཏོག་སྤྲོད་ནི་ལུ་ དཀའ་ངལ་བྱུང་མི་ རེ་ས་སྨན་ཁང་།

ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ དང་སྐར་མ་༣༠ ལས་ ཁྲུས་བབས་འགོ་བཙུགས་ཡོདཔ།

༢༢/༩/༢༠༡༢   ༉ ད་རིས་ རྒྱལ་ཁབ་ནང་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༨ པའི་ དབུགས་ཐོབ་ཉིནམ་ལུ་ ཁྲུས་བབས་ཀྱི་ དུས་ཚོད་ཕོགཔ་ལས་བརྟེན་ མི་ཚུ་གིས་ རང་གི་རྒྱུད་ལུ་ཡོད་པའི་ ལུས་ངག་ཡིད་གསུམ་གྱི་ ལས་དང་ཉོན་མོང་པའི་ སྡིག་སྒྲིབ་ཚུ་དག་ཐབས་ལུ་ ཁྲུས་ལུ་བརྩོན་དགོཔ་ཨིན་ཟེར་ སེམས་རྟོགས་ཁ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་གྲྭའི་རྩིས་སློབ་ རིན་ཆེན་དབང་འདུས་ཀྱིས་ སླབ་ཨིན་པས།
ཁྲུས་བབས་ཀྱི་ མགུ་ཏོ་འཁྱུ་བའི་བསྒང་།

འཆར་གཞི་༡༠ པའི་ནང་ ཁང་ཚན་༨༠༠ བཟོ་སྐྲུན་འབད་ནིའི་འཆར་གཞི་ མཐར་འཁྱོལ་འབྱུང་ཚུགས་ག?

༢༢/༩/༢༠༡༢   ༉ གཞུང་གིས་ འཆར་གཞི་༡༠ པའི་ནང་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ འགོ་འདྲེན་ཐོག་ རྒྱལ་ཁབ་ནང་ སྡོད་ཁྱིམ་ཁང་ཚན་༨༠༠ དེ་ཅིག་ བསྒྲུབས་ཚུགསཔ་འབད་ནིའི་འཆར་གཞི་དེ་ ད་ལྟོའི་གནས་སྟངས་དང་འཁྲིལ་བ་ཅིན་ མཐར་འཁྱོལ་བྱུང་ཚུགས་པའི་ འོས་འབབ་ཅིག་མེདཔ་ཨིན་པས།

ད་རིས་ དུར་བདག་དང་ ལྷམོ་གཙོ་མོའི་དམངས་འཆམ་ཚུ་ མཇལ་ཁ་གནང་ནི།

༢༢/༩/༢༠༡༢   ༉ ཁ་ཙ་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ ཐིམ་ཕུ་ལྷ་མོའི་སྒྲུབ་མཆོད་ཀྱི་ ལྷམོ་གཙོ་མོའི་ དངོས་འཆམ་སྟོན་པའི་སྐབས་ མཇལ་ཁ་ཞུ་མི་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།
ལྷམོ་གཙོ་མའི་སྒྲུབ་མཆོད་མཇལ་ཁ་ཞུ་བར་འཛོམས་མི་དད་ཅན་ཚུ།
ལྷམོ་གཙོ་མའི་གཙོ་འཁོར་གྱི་ སྐུ་འཆམ་གནང་པའི་བསྒང་།
བྱིན་རླབས་ཅན་གྱི་སྒྲུབ་མཆོད་ནང་ ཕྱི་མི་ཚུ་གིས་ སྤྲོ་བ་བསྐྱེད་པའི་བསྒང་།

ཁྲི་མངའ་གསོལ་གྱི་ མདའ་རྩེད་འགྲན་བསྡུར་འགོ་བཙུགས་ཡོདཔ།

༢༢/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ མདའ་རྩེད་ཐང་ནང་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་དེ་ འགོ་བཙུགས་ཡོདཔ་བཞིན་དུ་ འགོ་བཙུགས་ཀྱི་ཉིན་མར་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ཅིག་གིས་ བཀག་རེག་ཕོག་པའི་དགའ་ཚོར་ལུ་ ངར་སྐད་རྐྱབ་པའི་བསྒང་།

དབང་འདུས་རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ མ་དངུལ་ཞལ་འདེབས་བསྡུ་ལེན་གྱི་ སྤྲོ་སྟོན་ལས་རིམ།

༢༢/༩/༢༠༡༢  ༉ སྤྱི་ཟླ་༩ པའི་ཚེས་༡༥ ལས་༣༠ ཚུན་ དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་ཀྱི་དོན་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ལུ་འབད་ མ་དངུལ་ཞལ་འདེབས་བསྡུ་ལེན་གྱི་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དབང་རྫོང་གསར་བཞེངས་ཀྱི་མ་དངུལ་བཟོ་དོན་ལུ་ གླུ་གཞས་འཁྲབ་པའི་བསྒང་།

ཡིག་ཆ་རྫུས་མ་བཟོ་མི་ ཁག་འབགཔ་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༢༡/༩/༢༠༡༢   ༉ ཡིག་ཆ་རྫུས་མ་བཟོ་མི ཁག་འབགཔ་ཅིག་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༢ དང་ཟླ་༦ བཀལ་མི་ལུ་ བཙོན་འཐུས་བཏབ་ཆོགཔ་ཨིན་རུང་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་དང་པ་གིས་ བསྒྱུར་བཅོས་ཐོག་ བཙོན་ཁྲིམས་ལོ་༣ སྨིན་དགོ་པའི་འཁྲུན་ཆོད་བཏོན་གནང་ཡི།

གསང་མདའ་རྐྱབ་སྟེ་ མི་བསད་མི་ ཕོ་སྐྱེས་༡ འཛིན་བཟུང་།

༢༡/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ དར་དཀར་ནང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་ལུ་ མདའ་རྐྱབ་སྟེ་ བསད་ནི་གི་དཔའ་བཅམ་མི་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྤ་རོ་གནམ་ཐང་ནང་ སྒེར་གྱི་གནམ་གྲུ་ཚུ་ བཞག་སའི་ས་ཁོངས་མེདཔ།

༢༡/༩/༢༠༡༢   ༉ སྤ་རོ་གནམ་ཐང་ནང་ གནམ་གྲུའི་ཤོང་ཚད་ལས་ལྷག་པའི་ གནམ་གྲུའི་གྱངས་ཁ་ ཡར་སེང་འགྱོ་བ་ཅིན་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ སྒེར་གྱི་གནམ་གྲུ་ཚུ་ སྤ་རོ་གནམ་ཐང་ནང་ བཞག་མ་ཆོག་པའི་ ཐབས་ལམ་ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
གནམ་གྲུ་༥ ལས་མ་ཤོང་པའི་ སྤ་རོ་གནམ་ཐང་།

སྐྱེངས་མཁར་སྟོང་ལ་གཡུས་ཚན་གྱི་ ཨ་ལུ་ཚུ་ལུ་ སློབ་གྲྭ་ཐག་རིང་བའི་དཀའ་ངལ།

༢༡/༩/༢༠༡༢   ༉ ཨ་ལུ་༤ གི་ཨའི་ཨིན་མི་ ཤེལ་དཀར་དཔལ་མོ་གིས་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ལུ་ ལོང་དགོཔ་ཐོན་མི་དེ་ཡང་ མོ་ར་ ལཱ་འབད་ནི་ལུ་སྤྲོ་བ་ཡོད་དེ་མེན་པར་ བྱ་ཐབས་མེད་པར་ མོ་རའི་ཨ་ལུ་༣ སློབ་གྲྭ་ནང་གཏང་ནིའི་དོན་ལུ་ དྲོ་མཛར་འབད་དགོཔ་ལས་བརྟེན་ཨིན་པས། 
ཡུ་ལྡ་རི་མི་སྡེ་སློབ་གྲྭ་ཆུང་བའི་མཐོང་སྣང་།

ལག་མཐིལ་རྫུས་མ་རྐྱབ་མིའི་གནད་དོན་ རྩོད་བཤེར་འབད་དོ་ཡོདཔ།

༢༡/༩/༢༠༡༢   ༉ དགེ་ལེགས་ཕུག་ལུ་ སྐྱེས་ལོ་༦༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ནུ་གཅུང་ སྐྱེས་ལོ་༥༠ ལང་མིའི་ ལག་མཐིལ་རྫུས་མ་རྐྱབ་ཐོག་ལས་ མི་རྩིས་སྤོ་སོར་འབད་བའི་ རྩོད་གཞི་དེ་ དགེ་ལེགས་ཕུག་ དྲུང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ སྟ་གོན་སྙན་གསན་ འབད་ཡོདཔ་ཨིན་པས།

རྒྱལ་པོའི་ཞིང་ཁྲོམ་ལུ་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནང་དོ་ཡོདཔ།

༢༡/༩/༢༠༡༢   ༉ སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ ཁྱད་པར་ སྨན་ལྗོངས་ཆོས་ལྡན་རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ མོང་སྒར་རྫོང་ཁག་གི་ས་གནས་ རྒྱལ་པོའི་ཞིང་ཁྲོམ་ལུ་སྦེ་ དུས་ཅི་ འགོ་དང་པ་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནང་ནི་འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ ཐེངས་༣ པ་ འགོ་བཙུགས་ཡོདཔ།

༢༠/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་སྦེ་ འགོ་འདྲེན་འཐབ་མི་ འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ ཐེངས་༣ པའི་ནང་ རྒྱ་ནག་དང་ ཧོང་ཀོང་ དེ་ལས་ ཏའི་ཝཱན་རྒྱལ་ཁབ་༣ གྱིས་ འགོ་ཐོག་བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་ཁབ་༧ གྱི་འཐུས་མི་ཚུ་གིས་ ཚོང་འབྲེལ་འགྲེམ་སྟོན་གྱི་ འགོ་འབྱེད་རྟེན་འབྲེལ་བརྩི་བའི་བསྒང་།

ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ བློན་པོའི་གོ་གནས་སྤྲོད་དགོཔ།

༢༠/༩/༢༠༡༢   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཀོད་འབད་མིའི་ནང་ ད་རེས་ ལག་ལེན་འཐབ་སྲོལ་ཡོད་པའི་ ཕྱིའི་ལམ་ལུགས་ཀྱི་ ལྡོག་ཕྱོགས་དང་ གཞུང་སྐྱོང་གི་ལམ་ལུགས་དེ་ འབྲུག་གི་དོན་ལུ་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ཨིན་པས།

སྣུམ་འཁོར་རྦོལ་རིལ་བའི་རྐྱེན་ངན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༢༠/༩/༢༠༡༢   ༉ ཁ་ཙ་དྲོ་པའི་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར༌ སྤུ་ན་ཁ་ མནྜལ་སྒང་ལུ་ སྣུམ་འཁོར་ཊཱག་ཅིག་ འཁོར༌ལམ་འོག་ལས་མར་ ཕིཊི་༢༠༠ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༥ འབད་མི་ དེད་གཡོགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

གློ་བུར་བརྒྱུད་འཕྲིན་ནང་ བརྙས་བཅོས་ ལག་ལེན་གྱི་དཀའ་ངལ།

༢༠/༩/༢༠༡༢   ༉ གསོ་བའི་ཕན་བདེའི་ཞབས་ཏོག་གི་དོན་ལུ་ གླ་འཐུས་མ་ཕོགས་པའི་ཞབས་ཏོག་གི་བརྒྱུད་འཕྲིན་ཨང་༡༡༢ གཞི་བཙུགས་འབད་དེ་ ལོ་ཕྱེད་དང་གཉིས་ སོང་བའི་ཤུལ་ལུ་ གསོ་བའི་གློ་བུར་ཞབས་ཏོག་དང་ དྲི་དཔྱད་ཀྱི་ བརྒྱུད་འཕྲིན་མིན་པར ཚུལ་མིན་གྱི་ཐོག་ལས་ བརྒྱུད་འཕྲིན་བཏང་མི་མང་སུ་ ཐོན་དོ་ཡོདཔ་མ་ཚད་ ཡང་ན་བརྒྱུད་འཕྲིན་བཏང་ཞིནམ་ལས་ བློ་མ་སླབ་པར་ ཁུ་སིམ་སིམ་སྦེ་བཞག་དོ་ཡོདཔ་ཨིན་པས།

ལམ་ལུགས་གསར་པའི་ མདའ་རྩེད་སྦྱོང་བརྡར་ མཇུག་བསྡུ་ཡོདཔ།

༢༠/༩/༢༠༡༢   ༉ ཐིམ་ཕུ་གླང་རྒྱུག་ཕར་ཁ་ འབྲུག་མདའ་རྩེད་ཚོགས་པའི་ རྩེད་ཐང་ནང་སྦེ་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལས་ མདའ་རྩེད་ལམ་ལུགས་གསརཔ་ཅིག་གི་ སྦྱོང་བརྡར་འབད་མི་དེ་ མཇུག་བསྡུ་མི་དང་འབྲེལ་ མདའ་རྩེདཔ་དྲག་ཤོས་ཐོན་མི་ཚུ་ལུ་ ཁ་ཙ་ འབྲུག་མདའ་རྩེད་ཚོགས་པའི་ཁྲི་འཛིན་ བློན་པོ་ཀུན་བཟང་རྡོ་རྗེ་གིས་ རྟགས་མ་དང་ ལག་ཁྱེར་ཚུ་གནང་ཡི།
མདའ་རྩེདཔ་ཚུ་གིས་ ལམ་ལུགས་གསརཔ་པའི་ཐོག་གི་ མདའ་རྩེད་སྦྱང་བ་འབད་བའི་བསྒང་།
གཡོན་ལས་ བཙན་སྐྱོགས་རྡོ་རྗེ་དང་ བཀྲིས་དཔལ་འབྱོར་ ཚེ་དབང་རིན་ཆེན་གསུམ།

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ བཟོ་སྐྲུན་ལཱ་གི་ སྦྱོང་བརྡར་ལས་རིམ།

༢༠/༩/༢༠༡༢   ༉ འབྲུག་པའི་ ན་གཞོན་༢༠ འབད་མི་ སྡེ་ཚན་ཅིག་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ བཟོ་སྐྲུན་ལཱ་དང་འབྲེལ་བའི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ སྦྱོང་བརྡར་དེ་ ལས་འགུལ་ནང་ཁག་འབག་གི་ ལཱ་འབད་མི་ རྒྱ་གར་ལས་སྡེ་ ཧིན་དཱུསི་ཏཱན་གྱིས་ བྱིན་དོ་ཡོདཔ་ཨིན་པས།
ན་གཞོན་སྡེ་ཚན་ཅིག་གིས་ བཟོ་སྐྲུན་གྱི་སྦྱོང་བརྡར་འབད་བའི་བསྒང་།

ཏམ་ཁུ་འཆང་སྤྱོད་འབད་མི་ ཕོ་སྐྱེས་ཅིག་གི་ སྟ་གོན་སྙན་གསན།

༢༠/༩/༢༠༡༢   ༉ དར་དཀར་ནང་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་འཆང་སྤྱོད་འབད་མིའི་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༢ ཡོད་མི་ལས་༡ གི་ སྟ་གོན་སྙན་གསན་དེ་ ཁ་ཉིནམ་ འབད་ཡོདཔ་ཨིན་པས།

རྐང་འགྲུལ་པའི་ཉིནམ་གིས་ སྒེར་གྱི་ཚོང་འབྲེལ་ལས་སྡེ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ།

༢༠/༩/༢༠༡༢   ༉ སྒེར་སྡེའི་ཚོང་འབྲེལ་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ལཱ་ཚུ་ དུས་ཚོད་དང་འཁྲིལ་ཏེ་ འབད་དགོཔ་ཨིན་རུང་ གཞུང་གིས་ རེས་གཟའ་ལྷགཔ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་བཟོ་སྟེ་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་ནི་ལས་ བཀག་ཆ་འབད་མི་དེ་གིས་ ཁོང་གི་ ལཱ་གི་གྲུབ་འབྲས་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་ལུ་ འགྲུལ་བཀག་འབད་མི་ ཐིམ་ཕུའི་སྣུམ་འཁོར་ཚུ།

འདས་པའི་བཙག་འཐུའི་ གྲུབ་འབྲས་གནས་སྟངས་ཀྱི་ དཔེ་དེབ་གསར་བཏོན།

༡༩/༩/༢༠༡༢   ༉ ཁ་ཙ་ སྒེར་གྱི་གྲོས་སྟོན་པ་ ལས་སྐྱིད་རྡོ་རྗེ་གིས་ ཌི་མོ་ཀེ་རེ་སི་ ཨཔ་ཀོ་ལོསི་ཟེར་མི་ དམངས་གཙོའི་རིང་ལུགས་ཀྱི་ གྲུབ་འབྲས་གནས་སྟངས་སྐོར་ལས་ དཔེ་དེབ་ཅིག་ གསར་བཏོན་འབད་མི་དེ་ནང་ ཁོ་གིས་ སྙན་ཞུ་གཙོ་བོ་ དོན་ཚན་༧ དེ་ཅིག་ གསལ་བཀོད་འབད་ནུག།

ཨམ་སྲུ་༡ སྣུམ་འཁོར་གྱིས་ འཐུ་བཀོག་སྟེ་བསད་ཡོདཔ།

༡༩/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཕྱི་རུའི་ཆུ་ཚོད་༧ དང་སྐར་མ་༡༦ དེ་ཅིག་ཁར་ ཐིམ་ཕུ་ཁྲོམ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་གནས་ ཨོ་ཁ་ལུ་ཡོད་པའི་ ཧོན་ཌཱའི་སྣུམ་འཁོར་འགྲེམས་སྟོན་ཁང་གི་ ཉེ་འདབས་ལུ་ མགྱོགས་ལམ་ཁར་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ སྣུམ་འཁོར་གྱིས་ འཐུ་བཀོག་བའི་ཤུལ་ལུ་ སྨན་ཁང་ནང་ལྷོདཔ་ད་ ཤི་སོཔ་ཨིན་པས།

གླ་འཁོར་ཅིག་མེ་སྤར་ཡོདཔ།

༡༩/༩/༢༠༡༢   ༉ ཁ་ཙ་དྲོ་པའི་ཆུ་ཚོད་༣ དང་ སྐར་མ་༢༠ དེ་ཅིག་ཁར་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་འགྱོ་སའི་ འཁོར་ལམ་ཟུར་ཁ་ བཞག་མི་ གླ་འཁོར་ཊཱ་ཊཱ་ ཝེན་ཊོར་༡ མེ་སྤར་ཡོདཔ་ཨིན་པས།

སྤང་འབྱ་འཛུགས་སྐྱོང་ལུ་བརྟེན་ འཚོ་སྐྱོང་འཐབ་ནི་ལུ་ ལྷན་ཐབས་བྱུང་དོ་ཡོདཔ།

༡༩/༩/༢༠༡༢   རེ་ས་གཡུས་ཚན་ནང་ ཞིང་ཆུ་ལངམ་སྦེ་མེད་རུང་ ཧེ་མ་ལས་ར་ སྤང་འབྱ་འཛུགས་སྐྱོང་འབད་སྲོལ་ཡོདཔ་ལས་ ལམ་ལུགས་དེ་ ཉམས་མ་བཅུག་པར་ བཞག་དོ་ཡོདཔ་ཨིན་པས།

༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ གེ་ཟ་དེ་ ལོ་ཐོག་གཙོ་ཅན་ཅིག་ཨིན་རུང་ གཡུས་མི་ལ་ལུ་ཅིག་གིས་ སྤང་འབྱ་འཛུགས་སྐྱོང་འབད་དེ་ བཟའ་ཚང་ནང་མི་ཚུ་ འཚོ་སྐྱོང་འཐབ་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
རེ་ས་གཡུས་ཚན་ནང་ འཛུགས་སྐྱོང་འབད་མི་ སྤང་འབྱ་གི་མཐོང་སྣང་།

ཕྱི་རྒྱལ་ལས་ ཚོང་འབྲེལ་སྐྱིན་འགྲུལ་ ལེན་ཆོག་པའི་གནང་བ་སྤྲོད་དགོཔ།

༡༩/༩/༢༠༡༢   ༉ སྒེར་སྡེ་ཚུ་གིས་ དངུལ་འབྲེལ་ལས་སྡེའི་ གནས་སྡུད་ཚུ་དང་འཁྲིལ་ ཁོང་གི་དོན་ལུ་ ཏི་རུ་ཚུ་ ག་དེམ་ཅིག་ དགོཔ་ཡོདཔ་ཨིན་ནའི་ ཚོད་རྩིས་བཏོན་ཐོག་ལས་ གཞུང་ལུ་ གྲོས་འཆར་བཙུགས་ནི་དང་གཅིག་ཁར་ དངུལ་ཁང་ཚུ་གིས་ ཕྱི་རྒྱལ་ལས་ ཚོང་འབྲེལ་སྐྱིན་འགྲུལ་ ལེན་དགོ་པའི་སྐོར་ལས་ཡང་ ཞུ་བ་འབད་ནི་ཨིན་པས།
དངུལ་འབྲེལ་ལས་སྡེ་དང་ སྒེར་སྡེ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་བསྒང་།

བུམ་ཐང་ཆོས་འཁོར་སྟོད་ལུ་ མཆོད་རྟེན་སློངས་ཡོདཔ།

༡༩/༩/༢༠༡༢   ༉ མི་ངན་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ གྱི་ཕྱི་རུ་ ཆོས་འཁོར་སྟོད་རྒེད་འོག་ མཁར་ས་གཡུས་ཚན་གྱི་ ཀུ་རུང་སྦ་ གཡུས་ཚན་ནང་ མ་ཎི་གདངས་རིངམོ་གི་མཆོད་རྟེན་གསུམ་སློངས་མི་ལས་ མཆོད་རྟེན་གཉིས་ཀྱི་ནང་གཟུངས་ཚུ་ག་ར་ བཏོན་འབག་སོང་ཡོདཔ་ཨིན་པས།

དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་འབད་ཡོདཔ།

༡༨/༩/༢༠༡༢   ༉ ཁ་ཙ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་འབད་མི་ལུ་ རབ་གནས་གནང་ཡོདཔ་ད་ འདུ་ཁང་དེ་ དགེ་སློང་ཚུ་གིས་ དུས་རྒྱུན་གྱི་འབུམ་སྡེ་དང་ སྐུ་རིམ་ཚུ་ གནང་ནིའི་དོན་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་ཀྱི་ རབ་གནས་གནང་པའི་བསྒང་།

མགུ་སྐོར་རྐྱབ་སྟེ་ ཏི་རུ་བསྡུ་འབག་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ ད་རེས་ཁམས་ཅིག་ཁར་ ཐིམ་ཕུའི་ཚོང་ཁང་དག་པ་ཅིག་ནང་ལས་ མགུ་སྐོར་རྐྱབ་སྟེ་ ཏི་རུ་བསྡུ་འབག་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༩ པའི་ཚེས་༡༥ འི་ཉིན་མར་ ཐིམ་ཕུ་ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

རྒྱ་ནག་ལས་ ཚོང་ཆས་བཏོན་མི་༤ འཛིན་བཟུང་།

༡༨/༩/༢༠༡༢   ༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ རྒྱ་ནག་གི་ ས་མཚམས་བརྒྱུད་དེ་ ཚུལ་མིན་ཐོག་ལས་ ཚོང་ཆས་བཏོན་འབག་འོང་མི་ ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྐྱེས་ལོ་༡༤ མན་ཆད་འབད་མི་ ཕུཊ་བཱོལ་རྩེད་མི་ཚུ་ གདམ་འཐུ་འབད་དོ་ཡོདཔ།

༡༨/༩/༢༠༡༢   ༉ འབྲུག་པའི་ན་གཞོན་བུཚ་ སྐྱེས་ལོ་༡༤ མན་ཆད་འབད་མི་ཚུ་ ཇ་པཱན་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་བར་ འགྱོ་ནིའི་དོན་ལུ་ གདམ་འཐུ་འབད་ནི་ཨིནམ་ལས་ ད་ལྟོ་ ན་གཞོན་༤༥ དེ་ཅིག་ ཐིམ་ཕུ་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ཨིན་པས།
གདམ་འཐུའི་དོན་ལས་ ཐིམ་ཕུ་ལྕང་ཇི་ཇི་ལུ་འོང་མི་ སློབ་གྲྭ་ཁག་གི་སློབ་ཕྲུག་ ཕུཊ་བཱོལ་རྩེད་མི་ཚུ།

ཨུ་རའི་ གཡག་ལྷ་བརྩི་སྲུང་གི་ལམ་སྲོལ་ ཉམས་ཉེན་ཁར་ལྷོད་ཡོདཔ།

༡༨/༩/༢༠༡༢  ༉ རང་ཟླ་༧ པའི་ཚེས་༡༥ དེ་ཅིག་ལས་ སྤྱིར་བཏང་ལུ་ བུམ་ཐང་ཨུ་ར་ མ་གྲོང་གཡུས་ཚན་ནང་ མི་རྒན་རྒས་དག་པ་རེ་དང་ ཁྱིམ་སྲུང་པ་སྦེ་སྡོད་མི་རེ་གཉིས་རེ་མ་གཏོགས གཡུས་མི་མང་ཤོས་ཅིག་ ནོར་གྱི་བྱང་སར་ སོང་མི་ལུ་བརྟེན་ སྐྱིད་ཏོང་ཏོ་འོང་དོ་ཡོདཔ་ཨིན་རུང་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ ཨ་རྟག་བཟུམ་སྦེ་ར་ མི་ཚུ་ཁྱིམ་ནང་གི་ ལཱ་རེ་འབད་སྡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
གཡག་ལྷ་བརྩི་སྲུང་འབད་བའི་བསྒང་། (པར: ཀུན་བཟང་འཕྲིན་ལས)
ཧེ་མ་ གཡག་ལེ་ཤ་མཐོང་རུང་ ད་རེས་ནངས་པ་ དཀོན་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་མས།

ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་གིས་གཙོས་པའི་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ འཕྲུལ་ལསཔ་དང་ བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་གིས་ དྲོ་པ་ཧ་སག་ལས་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ སྐུ་འདྲ་ལུ་ གསོལ་མཆོད་ཚུ་ཕུལ་ཏེ་ སྨོན་ལམ་བཏབ་ཐོག་ལས་ ཉིན་ནུབ་སྦྱེལ་ཏེ་ ཞབས་ཁྲ་དང་ སྙན་ཆའི་སྤྲོ་སྟོན་གྱི་ལས་རིམ་ཚུ་ དང་བཅས་ ཡོངས་གྲགས་ཅན་གྱི་ བི་ཤྭ་ཀརྨའི་དུས་སྟོན་ བརྩི་སྲུང་འབད་ཡི།
ཁ་ཙ་ཕྱི་རུ་ ཐིམ་ཕུ་ལུ་ བཟོ་སྐྲུན་ཁང་ཅིག་ནང་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་སྐབས་ རྒྱ་གར་གྱི་ལས་མི་ཚུ་ ཞབས་ཁྲ་རྐྱབ་པའི་བསྒང་།

སློབ་གྲྭ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ཚུ་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ དར་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་དེ་ ཁ་ཙ་ དར་སྣ་ལྔ་གིས་གང་སྟེ་ ཁྲ་ཆེམ་ཆེམ་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ སློབ་གྲྭ་དེ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་དུས་སྟོན་ བརྩི་སྲུང་འབད་ནི་དེ་གིས་ཨིན་པས།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ ཨང་དང་པ་ཐོན་མི་ སློབ་ཕྲུག་ཚུ་ལུ་ མི་དབང་མཆོག་གི་
ངོས་འཛིན་ལག་ཁེྱར་ གནང་པའི་བསྒང་།
དར་དཀར་ནང་སློབ་གྲྭའི་ སློབ་ཕྲུག་ཚུ་ དུས་སྟོན་བརྩི་སྲུང་སྐབས་ ཞབས་ཁྲ་རྐྱབ་པའི་བསྒང་།