གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཆུང་བ་རྐྱངམ་གཅིག་གི་དོན་ལུ་ རྒྱུན་འགྲུལ་ལག་ལེན།

༢༥/༩/༢༠༡༢   ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལྗིད་ཅན་འཕྲུལ་ཆས་འབག་མི་ སྣུམ་འཁོར་ཊཱག་ཅིག་གིས་ སྤྱི་ཟླ་༩ པའི་ཚེས་༤ ལུ་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ རྫོང་ཁ་ལུངམ་ཟམ་ མེདཔ་བཏང་མི་དེ་ སྤྱི་ཟླ་༩ པའི་ཚེས་༢༣ ལས་ སྣུམ་འཁོར་ཆུང་བ་ཚུ་ ཐལ་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་པས།
སྣུམ་འཁོར་ཆུང་བ་རྐྱངམ་གཅིག་གི་དོན་ལུ་ རྒྱུན་འགྲུལ་ལག་ལེན་འཐབ་ཡོད་པའི་ རྫོང་ཁ་ལུངམ་ཟམ།


ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱིས་ བཟོ་རིག་འགོ་དཔོན་གོངམ་ ག་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་གསརཔ་རྐྱབ་པའི་སྐབས་ ཕྱོགས་༢ ཆ་ར་ལུ་ རྩིག་འགྱམ་ལེགས་ཤོམ་སྦེ་རྐྱབ་མི་དེ་ སྐམ་བཅུག་ནིའི་དོན་ལུ་ དུས་ཡུན་ཉུང་ཤོས་ ཉིན་གྲངས་༡༤  འགོར་ནི་ཨིན་རུང་ དུས་ཚོད་མེདཔ་ལས་བརྟེན་ ཞག་དག་པ་ཅིག་གི་རྒྱབ་ལས་ སྣུམ་འཁོར་ཆུང་བ་ཚུ་གི་དོན་ལུ་ རྒྱུན་འགྲུལ་ལག་ལེན་ འཐབ་བཅུག་ཡི་ཟེར་ཨིན་པས།
ཨིན་རུང་ སྣུམ་འཁོར་ཆེ་བ་ཚུ་གི་དོན་ལུ་ ད་རུང་ བདུན་ཕྲག་༡ བསྒུག་ཞིནམ་ལས་ བལྟ་ནི་ཨིན་རུང་ ལེགས་ཤོམ་སྦེ་ མ་སྐམ་པ་ཅིན་ དུས་ཡུན་ཕར་འགྱངས་འབད་དགོཔ་འོང་ཟེར་ཨིནམ་ད་ ད་ལྟོའི་ཟམ་ལས་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་མི་བཅུག་ནིའི་དོན་ལུ་ ལྕགས་ཀྱི་ཀཝ་ ལྷོང་སྟེ་བཞག་ཡོདཔ་ཨིན་པས།
ག་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་དེ་གིས་ ལྗིད་ཚད་ཊཱོན་༤༠ འབག་ཚུགས་ནི་ཨིན་རུང་ ད་ལྟོ་ རྩིག་འགྱམ་༢ ལེགས་ཤོམ་སྦེ་ མ་སྐམ་པར་ཡོདཔ་ལས་ གནས་སྐབས་ཅིག་ སྣུམ་འཁོར་སྦོམ་ཚུ་གི་དོན་ལུ་ ལག་ལེན་འཐབ་མི་བཅུག་ཟེར་ཨིན་པས།
སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་བཅུག་པ་ཅིན་ རྩིག་འགྱམ་མ་སྐམ་པར་ཡོད་མི་དེ་ མེདཔ་གཏང་ནིའི་ ཉེན་ཁ་ཡོད་ཟེར་ ག་ལེ་གིས་ སླབ་ཨིན་པས།
བདུན་ཕྲག་༡ བསྒུག་སྡོད་པའི་ཤུལ་ལས་ཡང་ ལེགས་ཤོམ་སྦེ་ སྐམ་མ་ཚུགས་པ་ཅིན་ ད་རུང་ དུས་ཡུན་ཕར་འགྱངས་འབད་དགོཔ་ལས་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment