གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློ་བུར་བརྒྱུད་འཕྲིན་ནང་ བརྙས་བཅོས་ ལག་ལེན་གྱི་དཀའ་ངལ།

༢༠/༩/༢༠༡༢   ༉ གསོ་བའི་ཕན་བདེའི་ཞབས་ཏོག་གི་དོན་ལུ་ གླ་འཐུས་མ་ཕོགས་པའི་ཞབས་ཏོག་གི་བརྒྱུད་འཕྲིན་ཨང་༡༡༢ གཞི་བཙུགས་འབད་དེ་ ལོ་ཕྱེད་དང་གཉིས་ སོང་བའི་ཤུལ་ལུ་ གསོ་བའི་གློ་བུར་ཞབས་ཏོག་དང་ དྲི་དཔྱད་ཀྱི་ བརྒྱུད་འཕྲིན་མིན་པར ཚུལ་མིན་གྱི་ཐོག་ལས་ བརྒྱུད་འཕྲིན་བཏང་མི་མང་སུ་ ཐོན་དོ་ཡོདཔ་མ་ཚད་ ཡང་ན་བརྒྱུད་འཕྲིན་བཏང་ཞིནམ་ལས་ བློ་མ་སླབ་པར་ ཁུ་སིམ་སིམ་སྦེ་བཞག་དོ་ཡོདཔ་ཨིན་པས།


ལྟེ་བ་གིས་ གནས་ཐོ་བཞག་མི་ནང་ ན་ཧིང་སྤྱི་ཟླ་༥ པ་ཚུན་ལུ་ ཞབས་ཏོག་ལྟེ་བའི་ནང་ བརྒྱུད་འཕྲིན་༥,༩༥,༠༨༥ ལྷོད་ས་ལས་ བརྒྱ་ཆ་༩༤ དེ་ཅིག་ བརྙས་བཅོས་ཀྱི་ཐོག་ལས་བཏང་མིའི་ བརྒྱུད་འཕྲིན་ཨིནམ་ད་ བརྒྱ་ཆ་༢.༦ རྐྱངམ་གཅིག་ སྨན་ཁང་གཉིས་ཀྱི་བར་ནའི་ གནས་སོར་ གློ་བུར་ཞབས་ཏོག་གི་ བརྒྱུད་འཕྲིན་དང་ གསོ་བའི་བསླབ་བྱའི་དྲི་དཔྱད་ཀྱི་ བརྒྱུད་འཕྲིན་ཚུ་ཨིན་པས།
གསོ་བའི་གློ་བུར་ཞབས་ཏོག་གི་ བཀོད་ཁྱབ་ གཙོ་འཛིན་འགོ་དཔོན་ ཀརྨ་སངས་རྒྱས་ཀྱིས་ འབད་བ་ཅིན་ བྱ་ངན་འབད་མི་ཚུ་གིས་ བརྙས་བཅོས་ཐོག་ལས་ སླབ་མ་བཏུབ་པའི་གཏམ་ཚུ་ སེམས་ཁར་ཕོག་སི་སི་སྦེ་ སླབ་མས་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ད་ལྟོ་ ཁྲིམས་ལྡན་གྱི་བཅའ་ཁྲིམས་ ག་ནི་ཡང་མེདཔ་ལས་ ལཱ་བྱ་དེ་ལུ་ གདོང་ལེན་འབད་ཐབས་ཅིག་ ག་ཅི་ཡང་མེད་པའི་ཁར་ ཧེང་སྐལ་ར་ བརྒྱུད་འཕྲིན་བཏང་མི་ཚུ་གིས་ དོན་དག་མེད་པའི་ལོ་རྒྱུས་སླབ་སྟེ་ དུས་ཚོད་འཕྲོ་བརླག་བཏངམ་མས་ཟེར་ ཨིན་པས།
ལྟེ་བ་དེ་ནང་ལུ་ ཉིནམ་གཅིག་ལུ་ར་ འབྲེལ་བ་མེད་པའི་བརྒྱུད་འཕྲིན་༧༦༤ དང་ དྲན་ཤེས་མེད་པའི་ཐོག་ལས་བཏང་མི་ བརྒྱུད་འཕྲིན་༥༩༡ ཤེས་བཞིན་དུ་ཚུལ་མིནགྱི་བརྒྱུད་འཕྲིན་༥༠ བློ་མ་སླབ་པར་ ཁུ་སིམ་སི་སྦེ་ བཞག་མི་༧༨ དང་ དཀའ་ངལ་ནང་ དྲི་དཔྱད་ཀྱི་དོན་ལུ་༡༠ དེ་ཅིག་ འོང་དོ་ཡོདཔ་ཨིན་པས།
བྱ་སྤྱོད་ངན་བའི་ལཱ་བྱ་འཐབ་མི་གཙོ་བོ་གཅིག་དེ་ ཕོ་སྐྱེས་གཅིག་གིས་ བརྒྱུད་འཕྲིན་ལག་ལེན་པ་ལུ་ བརྒྱུད་འཕྲིན་བཏང་ཞིནམ་ལས་ མིང་དྲི་ནི་དང་ ཞབས་ཁྲ་འཐེན་ནི་ དེ་ལས་ དགའ་གཏམ་བཤདཔ་མ་ཚད་ ལམ་ལུགས་ལས་འགལ་བའི་ བློ་ཚུ་ཡང་ སླབ་དོ་ཡོདཔ་ལས་ གསོ་བའི་ཞབས་ཏོག་ལྟེ་བ་གིས་ ཁོང་གི་བརྒྱུད་འཕྲིན་ཨང་ཚུ་ འཚོལ་ནི་ཟེར་ཉེན་བརྡ་འབདཝ་ད་ བརྒྱུད་འཕྲིན་བཏང་མི་ཚུ་གིས་ ཁྱེད་ར་འགའ་དགའཝ་འབད་ནི་ར་ཨིན་ ང་ལུ་བརྒྱུད་འཕྲིན་ཨང་སོ་སོ་༤ དེ་ཅིག་ཡོད་ཟེར་ སླབ་མས་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ལྟེ་བའི་གཙོ་འཛིན་གྱིས་འབད་བ་ཅིན་ བརྒྱུད་འཕྲིན་བཏང་མི་ཚུ་ ངོས་འཛིན་འབད་དེ་ འཚོལ་ཐོབ་རུང་ འབད་ཐབས་ག་ནི་ཡང་མེདཔ་མ་ཚད་ དོན་མེད་ཀྱི་བརྒྱུད་འཕྲིན་ མར་ཕབ་འབད་དེ་ མི་ཚུ་གིས་ ཁྲིམས་མཐུན་གྱི་བརྒྱུད་འཕྲིན་ གཏང་ནིའི་དོན་ལུ་ རེའུ་མིག་ལེགས་ཤོམ་ཅིག་གི་ ཐབས་ལམ་དང་ ཐབས་བྱུས་ཚུ་སྟོན་དགོ་པས་ཟེར་ སླབ་ཨིན་པས།
གསོ་བའི་ལྷན་ཁག་གི་ སྲིད་བྱུས་དང་ འཆར་གཞི་འགོ་དཔོན་ དཀར་མདོག་བཟང་པོ་གིས་  ད་ཚུན་ དོན་མེད་ཀྱི་བརྒྱུད་འཕྲིན་ བཏང་མི་ཚུ་ལུ་ ཉེས་བྱ་བཀལ་ཐབས་ལུ་ བཅའ་ཁྲིམས་ཅིག་མེདཔ་ལས་ བཅའ་ཁྲིམས་ཀྱི་དོན་ལུ་ ད་ལྟོ་ འཆར་གཞི་བརྩམ་པའི་ བསྒང་ ཡོད་ཟེར་ཨིན་པས།
གལ་སྲིད་ག་དེམ་ཅིག་སྦེ་ ལྷན་ཁག་དེ་གིས་ ཉོག་བཤད་བཀོད་མི་དེ་ བཀྲིས་འགྲུལ་འཕྲིན་དང་ འབྲུག་བརྒྱུད་འཕྲིན་གྱི་འགྲུལ་འཕྲིན་ནང་ལས་ཨིན་པ་ཅིན་ ལྷན་ཁག་དེ་གིས་ བརྒྱུད་འཕྲིན་བཏང་མི་གི་ཨང་དེ་ ལག་ལེན་འཐབ་མ་བཏུབ་ བཟོ་ནི་ཟེར་ཨིནམ་ད་ བཀྲིས་འགྲུལ་འཕྲིན་གྱི་ ཡོངས་འབྲེལ་ལག་ལེན་པའི་ ཡོངས་ཁྱབ་འཛིན་སྐྱོང་པ་ གང་གཱ་རམ་ཤར་མ་གིས་ འབད་བ་ཅིན་ གསོ་བའི་འགན་འཛིན་པ་ཚུ་གིས་ ཉོགས་བཤད་བཀོད་པ་ཅིན་ འགྲུལ་འཕྲིན་འཆང་མི་གི་ཨང་དེ་ ལག་ལེན་འཐབ་མ་བཏུབ་བཟོ་ནི་ལུ་ གྲོགས་རམ་འབད་འོང་ཟེར་ཨིན་པས།
ཨིན་རུང་ ཐབས་ལམ་དེ་གིས་ བྱ་སྟབས་མ་ བདེཝ་དེ་ བསལ་ཚུགས་ག་ཟེར་བའི་ དོགས་པ་ཡོདཔ་ལས་ ལག་ལེན་འདི་གི་དོན་ལུ་ ཁྲིམས་འདུན་ལས་བཀའ་རྒྱ་ཚུ་ དགོ་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་འགྲུལ་འཕྲིན་ ཚོང་མགྲོན་པའི་ཞབས་ཏོག་འགོ་འཛིན་པ་ ཉི་མ་ཚེ་རིང་གིས་འབད་བ་ཅིན་ གསོ་བའི་འགན་འཛིན་པ་ཚུ་གིས་ ཉོགས་བཤད་བཀོདཔ་ད་ ཁྲིམས་སྲུང་འགག་པ་དང་ ཁྲིམས་འདུན་ལས་ འབད་ཆོག་པའི་ གནང་བ་དང་གཅིག་ཁར་ ཚུལ་མིན་གྱི་ལཱ་བྱ་འཐབ་མིའི་སྐོར་ལས་ ཁ་གསལ་དགོ་ཟེར་ཨིན་པས།
མ་གཞི་ ལྟེ་བ་དེ་གིས་ ནད་པའི་འགྲུལ་འཁོར་གྱི་ཞབས་ཏོག་ཚུ་ ཧེ་མ་དང་འཕྱདཔ་ད་ མགྱོགས་དྲགས་ཡོད་ཟེར་ གསོ་བའི་ཞབས་ ཏོག་ལྟེ་བའི་ འགོ་འཛིན་པ་གིས་སླབ་པའི་ཁར་ ཁོང་གིས་ ཞབས་ཏོག་ཚུ་ལེགས་ཤོམ་སྦེ་ར་ བྱིན་དོ་ཟེར་ཨིན་པའི་གནས་ཚུལ།


རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment