གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེངས་མཁར་སྟོང་ལ་གཡུས་ཚན་གྱི་ ཨ་ལུ་ཚུ་ལུ་ སློབ་གྲྭ་ཐག་རིང་བའི་དཀའ་ངལ།

༢༡/༩/༢༠༡༢   ༉ ཨ་ལུ་༤ གི་ཨའི་ཨིན་མི་ ཤེལ་དཀར་དཔལ་མོ་གིས་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ལུ་ ལོང་དགོཔ་ཐོན་མི་དེ་ཡང་ མོ་ར་ ལཱ་འབད་ནི་ལུ་སྤྲོ་བ་ཡོད་དེ་མེན་པར་ བྱ་ཐབས་མེད་པར་ མོ་རའི་ཨ་ལུ་༣ སློབ་གྲྭ་ནང་གཏང་ནིའི་དོན་ལུ་ དྲོ་མཛར་འབད་དགོཔ་ལས་བརྟེན་ཨིན་པས། 
ཡུ་ལྡ་རི་མི་སྡེ་སློབ་གྲྭ་ཆུང་བའི་མཐོང་སྣང་།


དེ་ཡང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་སྟོང་ལ་གཡུས་ཚན་གྱི་ ཨ་ལུ་ཚུ་ སློབ་གྲྭ་ནང་འགྱོ་ནིའི་དོན་ལུ་ ཁོང་རའི་གཡུས་ཁ་ལས་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོཔ་ལས་ ཨ་ལུའི་ཕམ་ཚུ་གིས་ ཁོང་རའི་ཨ་ལུ་ཚུ་ སློབ་གྲྭའི་དུས་ཚོད་ཁར་ ལྷོད་ཚུགས་ནིའི་དོན་ལུ་ དྲོ་པ་ཧ་སག་ལོང་སྟེ་ དྲོ་མཛར་ཚུ་འབད་དགོཔ་ཐོན་དོ་ཡོདཔ་ད་ དེ་ཡང་ གཡུས་ཚན་དེ་ནང་ ད་ལྟོ་ཚུན་ རྒྱ་བསྐྱེད་སློབ་ཁང་ཅིག་ མེད་ནི་དེ་གིས་ཨིན་པས།
ཨ་ལུ་༤ གི་ ཨའི་གིས་སླབ་མིའི་ནང་ ཡུ་ལྡ་རི་མི་སྡེ་སློབ་གྲྭ་ཆུང་བ་དེ་ ལམ་ཐག་རིང་ནི་དེ་གིས་ ཨ་ལུ་ཚུ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ ལམ་འགྱོ་ནི་འགོ་བཙུགསཔ་ཨིན་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་དེ་ནང་གི་ ཨ་ལུ་ཚུ་ལུ་ ཧེ་མ་ལས་ ལམ་ཐག་རིང་བའི་ དཀའ་ངལ་ཡོད་པའི་ཁར་ ན་ཧིང་ལས་ ཧེང་སྐལ་ར་ དཀའ་ངལ་སྦོམ་ཐོན་མི་དེ་ཡང་ སོ་ནམ་ཞིང་ལམ་སེལ་བའི་སྐབས་ མི་ལམ་དེ་ བསུབས་ཡོདཔ་ལས་ ད་རེས་ནངས་པ་ ཕྲང་ལམ་བདའ་སྟེ་ ལམ་འགྱོ་མ་ཚུགས་མི་ལུ་བརྟེན་ ཨ་ལུ་ཚུ་ བྱ་ཐབས་མེད་པར་ ལམ་ཐག་ག་དེམ་ཅིག་རིང་རུང་ འཁོར་ལམ་བདའ་སྟེ་ འགྱོ་དགོཔ་ཐོན་མི་ལུ་བརྟེན་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
སྟོང་ལ་གཡུས་ཚན་གྱི་ ཨ་ལུའི་ཕམ་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་གྲྭ་ནང་འགྱོ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་འགོར་མི་དེ་ ད་རེས་ནངས་པ་ དུས་ཡུན་ལོག་ལྟབ་འགོརཝ་མས་ཟེར་ཨིནམ་ད་ ལམ་དེ་ ཆརཔ་རྐྱབ་པའི་སྐབས་ལུ་ ས་བརྟན་ཏོག་ཏོ་མེདཔ་ལས་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ཆརཔ་རྐྱབ་པའི་སྐབས་ལུ་ ནང་དོག་དགོཔ་ཐོན་མི་ སློབ་ཕྲུག་ཅིག་ སྐྱེས་ལོ་༡༠ ལང་མི་ སློབ་རིམ་༣ པའི་ནང་ དཔེ་ཆ་ལྷབ་མི་ སངས་རྒྱས་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཆརཔ་རྐྱབ་པའི་སྐབས་ལུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ འཁོར་ལམ་བདའ་འགྱོ་ནི་དེ་ ལཱ་ཁག་ཡོདཔ་ལས་ གོ་ལ་དང་ ཀི་དེབ་ཚུ་ཡང་ ཆརཔ་གིས་སྦང་སྟེ་ དཀའཝ་སྤྱོད་དགོཔ་ཐོནམ་མས་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཕྲང་ལམ་ཡོད་ནི་དེ་གིས་ སློབ་གྲྭ་ནང་འགྱོ་ནི་ལུ་ ད་རེས་བཟུམ་སྦེ་ དུས་ཚོད་འགོར་ནི་མེདཔ་ལས་ དཔེ་ཆ་ལྷབ་ནི་ལུ་ཡང་ བར་ཆད་མེད་ཟེར་ཨིན་རུང་ ལམ་ཐག་རིང་བའི་སྐབས་ལུ་ འུར་སྡུག་པའི་ཤུགས་ཀྱིས་ དཔེ་ཆ་ལྷབ་མི་ཚུགས་པས་ཟེར་ཨིན་པས།
མོ་བཟུམ་སྦེ་ ལམ་འགྱོ་དགོཔ་ཐོན་མི་ སློབ་ཕྲུག་གཞན་མི་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོཔ་ཐོན་མི་གིས་ ཕྱི་རུ་དཔེ་ཆ་ལྷབ་ནིའི་ མནོ་བསམ་བཏང་རུང་ ཧེང་སྐལ་ར་ གློག་མེ་མེད་པའི་བསྒང་ལས་ སྟབས་མ་བདེཝ་བྱུངམ་མས་ཟེར་ཨིན་པས།
ཨ་ལུ་༢ ཀྱི་ཕམ་ཨིན་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཨ་ལུ་ཚུ་ ལམ་ཐག་རིང་ནི་དེ་གིས་ དཀའཝ་སྦོམ་སྤྱད་དོ་ཡོདཔ་མ་ཚད་ ཆརབ་རྐྱབ་པའི་སྐབས་ལུ་ ཨ་རྟག་ར་ ཨ་ལུ་ཚུ་ སློབ་གྲྭ་ནང་ བསྐྱལ་བར་འགྱོ་དགོཔ་ལས་ སྟབས་མ་བདེཝ་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་ གནས་སྟངས་ལུ་བརྟེན་ ཨ་ལུ་ཚུ་ ཡོན་ཏན་ལྷབ་ནི་ལུ་ཡང་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ཨིན་རུང་ ཨ་ལུའི་ཕམ་ཚུ་གིས་ སླབ་མིའི་ནང་ ད་ལས་ཕར་ དེ་བཟུམ་གྱི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ གཡུས་ཚན་དེ་ནང་ རྒྱ་བསྐྱེད་སློབ་ཁང་ཅིག་ བཙུགས་གནང་པ་ཨིན་ བཀྲིན་ཆེ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཆརཔ་རྐྱབ་རུང་ ཉིནམ་ཚ་རུང་ འཁོར་ལམ་བདའ་སྟེ་ བསྐོར་དགོཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ཉི་མ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྟོང་ལ་གཡུས་ཚན་གྱི་ ཨ་ལུ་ཚུ་ལུ་ ལམ་ཐག་རིང་བའི་དཀའ་ངལ་དེ་ དུམ་གྲ་རེ་ཡོད་རུང་ དཔེ་ཆ་ལུ་ ཐོ་མ་ཕོག་ཟེར་ཨིནམ་མ་ཚད་ ཨ་ལུ་ཚུ་གིས་འབད་རུང་ ཆརཔ་ག་དེམ་ཅིག་རྐྱབ་རུང་ སློབ་གྲྭ་ནང་འོང་མ་ཚུགས་མི་དང་ མ་འོངས་པར་ སྡོད་མི་མེད་ཟེར་ཨིནམ་ད་ ཨ་ལུ་ཚུ་གིས་ ལམ་ཐག་ག་དེམ་ཅིག་རིང་རུང་ དྲོ་པའི་སྐྱོར་སྦྱང་ནང་ ལྷོད་ཚུགསཔ་ཨིན་ཟེར་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་སླབ་མིའི་ནང་ སྟོང་ལ་གཡུས་ཚན་གྱི་ ཨ་ལུ་ཚུ་ལུ་ སློབ་གྲྭ་ལམ་ཐག་རིང་བའི་ དཀའ་ངལ་དེ་ དུམ་གྲ་ཅིག་ཡོདཔ་ཨིན་རུང་ གཡུས་ཚན་དེ་ནང་ རྒྱ་བསྐྱེད་སློབ་ཁང་ཅིག་རྐྱབ་རུང་ སློབ་ཕྲུག་གྱངས་ཁ་ལངམ་མེདཔ་ལས་བཙུགས་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལོ་བསྟར་བཞིན་དུ་ ཨ་ལུའི་གྱངས་ཁ་ མར་འབབ་འགྱོ་དོ་ཡོདཔ་ལས་ རྒྱ་བསྐྱེད་སློབ་ཁང་རྐྱབ་པ་ཅིན་ སྟབས་མི་བདེ་ནི་ཨིནམ་ད་ དེ་བཟུམ་གྱི་ ལམ་འགྱོ་དགོ་མི་ སློབ་ཕྲུག་ཨ་ལུ་དེ་ སྟོང་ལ་གཡུས་ཚན་རྐྱངམ་གཅིག་མེན་པར་ ཤ་རྒྱུ་ལ་གཡུས་ཚན་ལས་ཡང་ ཡོད་ཟེར་ཨིན་པས་ ཤ་རྒྱུ་ལ་གཡུ་ཚན་དེ་ སློབ་གྲྭའི་ལྟག་ལུ་ ཁ་ཡར་བལྟ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ཨ་ལུ་ཚུ་ལམ་འགྱོཝ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ སང་ཕོད་ལས་ ད་རེས་འཁོར་ལམ་ལུ་བརྟེན་ རག་རོག་ཚུ་གིས་བསུབས་ཡོད་མི་ མི་ལམ་དེ་ བསལ་ནི་ཨིནམ་ལས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིནམ་ད་ ལམ་དེ་ སེལ་བའི་བསྒང་ལས་ ད་རེས་ནངས་པ་བཟུམ་སྦེ་ ཨ་ལུ་ཚུ་ འཁོར་ལམ་བདའ་ ལམ་འགྱོ་མི་དགོ་ནི་ཨིནམ་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ ལྷོད་ཚུགས་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཀརྨ་བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ མ་གཞི་ སྟོང་ལ་གཡུས་ཚན་ནང་ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ རྒྱ་བསྐྱེད་སློབ་ཁང་ཅིག་ བཙུགས་ནིའི་འཆར་གཞི་ཡོད་རུང་ གཡུས་ཚན་ནང་ སློབ་ཕྲུག་གི་གྱངས་ཁ་དེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ བཙུགས་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ཤུལ་ལས་སྟབས་མ་བདེཝ་ ངེས་བདེན་འཐོན་པ་ཅིན་ དེ་དང་འཁྲིལ་གཡུས་ཚན་དེ་ནང་ རྒྱ་བསྐྱེད་སློབ་ཁང་ཅིག་ བཙུགས་དགོཔ་འཐོན་སྲིད་འོང་ཟེར་ཨིན་པས།
ད་རེས་ནངས་པ་ ཡུ་ལྡ་རི་མི་སྡེ་སློབ་གྲྭ་ཆུང་བ་ནང་ལུ་ སློབ་ཕྲུག་ཡོངས་བསྡོམས་༡༡༧ ཡོད་པའི་གྲས་ལས་ སློབ་ཕྲུག་༢༢ དེ་ སྟོང་ལ་གཡུས་ཚན་ལས་འོང་མི་ཨིནམ་ད་ སློབ་ཕྲུག་༡༢ དེ་ ཤ་རྒྱུ་ལ་གཡུས་ཚན་ལས་འོང་དོ་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ སློབ་གྲྭ་ནང་ལས་ འཛམ་གླིང་བཟའ་སྤྱོད་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཉིན་མའི་ལྟོ་ ཐོབ་དོ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment