གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྟག་གིས་ གནོདཔ་བཀལ་མི་ ནོར་༢ ཆ་ར་ ཤི་ཡོདཔ།


༡༥/༩/༢༠༡༢  

༉ བདུན་ཕྲག་འདི་ནང་ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ གཅན་གཟན་སྟག་གིས་ གནོདཔ་བཀལ་མི་ ནོར་༢ ཆ་ར་ ཤི་ཡོདཔ་ཨིན་པས།



ནོར་གྱི་ཇོ་བདག་ ཨམ་བསོད་ནམས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྟག་གིས་ སྤྱི་ཟླ་༩ པའི་ཚེས་༧ ལུ་ ཁྱིམ་གྱི་ཉེ་འདབས་ལུ་ བོའུ་ཅུང་བཞག་སའི་ཁྱིམ་གྱི་ སྦོ་ལོགས་ཁར་ཉལ་སྡོད་མི་ ཨོམ་བཞོ་མི་བ་ཅིག་ ནདཔ་བཏོན་ཡོདཔ་ལས་ དེ་གི་ནངས་པར་ ཤི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༩ གི་ནུབ་མོ་ ནོར་གྱི་གྱང་ས་ལུ་ ནོར་ཅིག་ཡང་ ནདཔ་བཏོན་ཡོད་རུང་ ནོར་རྫིཔ་གིས་ཤེས་ཏེ་ སྐད་རྐྱབ་པའི་ཤུལ་ལས་ བྱོག་སོང་ཡོད་རུང་ ཨོལ་ལྐོག་དང་ སྒལ་ཏོག་ཁར་ རྨ་སྦོམ་བཏོན་ཡོདཔ་མ་ཚད་ ཤ་ཟ་ཡོདཔ་ལས་ ཉིནམ་ཅིག་གི་རྒྱབ་ལས་ ནོར་དེ་ཡང་ ཤི་ཡོདཔ་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ཀྲོང་གསར་ལུ་ཡོད་མི་ ནགས་ཚལ་ལས་ཁུངས་ནང་ སྙན་ཞུ་འབད་ཡོད་རུང་ ཁོང་གིས་ ནོར་ཤི་མིའི་པར་ བཏབ་བཞག་ཟེར་ སླབ་མ་གཏོགས་ ག་ནི་ཡང་ མ་འབད་ཟེར་ཨིནམ་ད་ པར་བཏབ་ནི་ལུ་ པར་བཏབ་འཕྲུལ་ཆས་མེདཔ་ལས་ དེ་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ འདས་པའི་བདུན་ཕྲག་དག་པ་ཅིག་གི་ཧེ་མར་ ས་གནས་དེ་ནང་གི་ བྷུ་ལི་སྤང་ཟེར་ས་ལུ་ ནོར་ཅིག་ ནདཔ་བཏོན་ཡོདཔ་ལས་ སྟག་དེ་ འཛིན་བཟུང་འབད་བར་འོང་མི་ ནགས་ཚལ་འགོ་དཔོན་སྡེ་ཚན་དེ་གིས་ སྟག་གི་རྐང་རྗེས་ཚུ་ ཞིབ་དཔྱད་འབད་དེ་ ལོག་སོང་ཡོདཔ་ཨིན་པས།
གཅན་གཟན་དེ་ བཟུང་ནི་གི་ ཐབས་ཤེས་སྣ་ཚོགས་བཏོན་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགསཔ་ཨིན་པས།
སྟག་དེ་གིས་ ས་གནས་དེ་ནང་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ བསྡོམས་ཀྱིས་ནོར་༡༩ ལྷགཔ་ཅིག་ལུ་ གནོདཔ་བཀལ་ཡོད་མི་ལས་ ཕྱེད་ཀ་དེ་ཅིག་ བསད་ཡོདཔ་ཨིན་རུང་ གཞུང་གི་ཁ་ཐུག་ལས་ རྒུད་འཐུས་ཚུ་ ག་ནི་ཡང་ མ་སྤྲོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment