གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤང་འབྱ་འཛུགས་སྐྱོང་ལུ་བརྟེན་ འཚོ་སྐྱོང་འཐབ་ནི་ལུ་ ལྷན་ཐབས་བྱུང་དོ་ཡོདཔ།

༡༩/༩/༢༠༡༢   རེ་ས་གཡུས་ཚན་ནང་ ཞིང་ཆུ་ལངམ་སྦེ་མེད་རུང་ ཧེ་མ་ལས་ར་ སྤང་འབྱ་འཛུགས་སྐྱོང་འབད་སྲོལ་ཡོདཔ་ལས་ ལམ་ལུགས་དེ་ ཉམས་མ་བཅུག་པར་ བཞག་དོ་ཡོདཔ་ཨིན་པས།

༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ གེ་ཟ་དེ་ ལོ་ཐོག་གཙོ་ཅན་ཅིག་ཨིན་རུང་ གཡུས་མི་ལ་ལུ་ཅིག་གིས་ སྤང་འབྱ་འཛུགས་སྐྱོང་འབད་དེ་ བཟའ་ཚང་ནང་མི་ཚུ་ འཚོ་སྐྱོང་འཐབ་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
རེ་ས་གཡུས་ཚན་ནང་ འཛུགས་སྐྱོང་འབད་མི་ སྤང་འབྱ་གི་མཐོང་སྣང་།


རེ་ས་གཡུས་ཚན་ནང་ ཞིང་ཆུའི་དཀའ་ངལ་ཡོད་རུང་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་ཚན་ནང་ འགྱོ་བལྟ་བ་ཅིན་ ལམ་ལྟག་ལམ་འོག་ལུ་ སྤང་འབྱ་ཚུ་ ཧོ་ལྡེམ་ལྡེམ་སྦེ་ སྐྱེས་སར་མཐོངམ་ཨིན་པས།
སོ་ནམ་པ་ མང་ཤོས་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ ཐ་ན་ ཚོད་བསྲེ་ལྡུམ་རའི་ ལཱ་འབད་ནི་ལུ་ཡང་ ལཱ་ཁག་བཏང་དོ་ཡོདཔ་ལས་ རེ་ས་ལུ་ ཆུ་ཞིང་བཟོ་ཚུགས་པའི་ འོས་འབབ་མེད་ནི་དེ་གིས་ སྤང་འབྱ་འཛུགས་སྐྱོང་མ་འབད་བར་ ཐབས་ཤེས་གཞན་མེད་ཟེར་ཨིན་པས།
དེ་ཡང་ རེ་ས་གཡུས་ཚན་ནང་ གཡུས་ལྷ་གསོལ་བའི་སྐབས་ལུ་དང་ ལོ་ཆོག་དང་རིམ་གྲོ་ཚུ་འབད་ནི་ དགའ་སྟོན་རྟེན་འབྲེལ་བརྩི་ནི་ དེ་ལས་ ལོ་གསར་གྱི་སྐབས་ལུ་ གཡུས་ཆུམ་བཟའ་ནིའི་དོན་ལུ་ སྤང་འབྱ་འཛུགས་སྐྱོང་འབད་མི་དེ་གིས་ ཕན་ཐོགས་སྦོམ་བྱུངམ་མས་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ལོ་རེ་ཆད་མེད་པར་ སྤང་འབྱ་འཛུགས་སྐྱོང་འབད་དེ་ མི་ཚེ་འཚོ་སྐྱོང་འཐབ་མི་ཅིག་ སྐྱེས་ལོ་༥༣ ལང་མི་ སོ་ནམ་པ་ དབང་ཕྱུག་ཨིནམ་ད་ ཁོ་གིས་ ལོ་བསྟར་བཞིན་དུ་ ཁོ་རའི་ ས་ཞིང་ཨེ་ཀར་༡ དེ་ཅིག་ནང་ སྤང་འབྱ་འཛུགས་སྐྱོང་འབད་དེ་ རིམ་གྲོ་འབད་བའི་སྐབས་ལུ་དང་ ལོ་གསར་གྱི་སྐབས་ལུ་ ཚོང་ཁང་ནང་ལས་ རྒྱ་ཆུམ་ཉོ་མ་དགོཔ་ལས་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་དང་ མ་གཞི་ གཡུས་ཚན་དེ་ནང་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་ཡོད་པ་ཅིན་ ཆུམ་ཉོ་མི་དགོ་ནི་ཨིན་རུང་ ཆུ་མེད་པའི་སྟབས་ཀྱིས་ མི་ཚེ་རང་མགོ་རང་འདྲོང་སྡོད་ཐབས་ལུ་ བྱ་ཐབས་མེད་པར་ སྤང་འབྱ་འཛུགས་སྐྱོང་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ སྤང་འབྱ་འཛུགས་སྐྱོང་འབད་ནི་ལུ་ཡང་ གདོང་ལེན་བྱུང་དོ་ཡོདཔ་ད་ དེ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྤང་འབྱ་འཛུགས་སྐྱོང་འབད་ཚུགས་ནི་དེ་གིས་ བཟའ་ཚང་ནང་མི་༨ དེ་ཅིག་ འཚོ་སྐྱོང་འཐབ་ནི་ལུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་པས་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ འཁོར་ལམ་གྱི་ མཐུན་རྐྱེན་མེདཔ་ལས་ ཆུམ་ཉོ་བར་འགྱོ་ནིའི་དོན་ལུ་ རེ་ས་གཡུས་ཚན་ཚུན་ ཉིན་ལམ་༡ གི་ས་ཁར་ རྒྱལ་པོའི་ཞིང་ཁྲོམ་ཁར་ འགྱོ་དགོཔ་ཨིནམ་ད་ སྤང་འབྱ་འཛུགས་སྐྱོང་འབད་བ་ཅིན་ ཚོང་ཁང་ནང་བཙོང་མི་རྒྱ་ཆུམ་ དུམ་གྲ་རེ་ལས་བརྒལ་ ཉོ་མི་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ པདྨ་གིས་ཡང་ བཟའ་ཚང་འཚོ་སྐྱོང་འཐབ་ཚུགས་ནི་ལུ་ དཀའ་ངལ་སྦོམ་ཅིག་མེད་མི་དེ་ཡང་ ཁོ་གིས་ཡང་ ལོ་བསྟར་བཞིན་དུ་ སྐམ་ཞིང་ཨེ་ཀར་༡ དེ་ཅིག་ནང་ སྤང་འབྱ་འཛུགས་སྐྱོང་འབད་ཚུགས་ནི་དེ་གིས་ ཚོང་ཁང་ནང་ལས་ རྒྱ་ཆུམ་ཉུང་སུ་ཅིག་ལས་བརྒལ་ ཉོ་མི་དགོ་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རེ་ས་གཡུས་ཚན་ནང་ ཧེ་མ་ལས་ར་ སྤང་འབྱ་འཛུགས་སྐྱོང་འབད་སྲོལ་འདུག་ཟེར་ཨིནམ་ད་ ད་རེས་ནངས་པ་ཡང་ ལམ་ལུགས་དེ་ ཉམས་མ་བཅུག་པར་ བཞག་དགོ་མི་དེ་ཡང་ གཡུས་ཚན་དེ་ནང་ ཆུ་མེད་པའི་དཀའ་ངལ་དང་ གཡུས་ཚན་དེ་ མཐའ་ཟུར་ཅིག་ འབད་བ་ལུ་བརྟེན་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ རེ་ས་གཡུས་ཚན་ནང་ ཁྱིམ་གུང་པ་༣༠ ལྷགཔ་ཅིག་ཡོདཔ་ད་ གཡུས་ཚན་དེ་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ འཚོ་བ་གཙོ་བོ་ གེ་ཟ་ལུ་ བརྟེན་སྡོད་དོ་ཡོདཔ་ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ སྤང་འབྱ་འཛུགས་སྐྱོང་གི་ལཱ་འབད་དེ་ འཚོ་སྐྱོང་འཐབ་མི་དེ་ ལོ་དག་པ་ཅིག་གི་རྒྱབ་ལས་ གཡུས་ཚན་དེ་ནང་ སོ་ནམ་ཞིང་ལམ་ལྷོད་ཚུགས་པའི་བསྒང་ལས་ གནས་སྟངས་ལེགས་ཤོམ་ འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ སོ་ནམ་པ་ ཡེ་ཤེས་ཀྱིས་ སླབ་ཨིན་པས།
མི་སེར་ཚུ་གིས་ སྤང་འབྱ་འཛུགས་སྐྱོང་འབད་ནིའི་ལཱ་དེ་ རང་ཟླ་༣ པ་དེ་ཅིག་ལས་ འགོ་བཙུགས་དོ་ཡོདཔ་ད་ འབྱ་བསྡུ་ནིའི་ དུས་ཚོད་དེ་ རང་ཟླ་༨ པའི་ནང་ཨིནམ་ལས་ རན་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་འབད་རུང་ གཡུས་ཚན་དེ་ནང་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ འབྲུ་སྣ་གེ་ཟ་དང་ སྤང་འབྱ་འཛུགས་སྐྱོང་འབད་དེ་ འཚོ་སྐྱོང་འཐབ་དགོ་པས་ཟེར་ སླབ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment