གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རྒྱུན་ར་བ་ལུ་བརྟེན་ མི་སེར་ཚུ་ ལོ་ཐོག་སྲུང་མ་དགོ་པའི་ཕན་ཁྱད།

༢༨/༩/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གླང་ཆེན་ཕུག་རྒེད་འོག་ནང་ དུས་ཅི་ལས་ གྲོང་གསེབ་མི་སེར་ཚུ་ ནུབ་མོར་རང་སོའི་ལོ་ཐོག་སྲུང་མ་དགོཔ་མ་ཚད་ ད་རིས་ཀྱི་ ལོ་ཐོག་གི་ ཐོན་ཤུགས་ཚུ་ཡང་ ཧྲིལ་བུམ་སྦེ་ འཐོབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མ་ཚུགས་པར་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་སྐྱེས་བའི་མཐོང་སྣང་།


དེ་ཡང་ རྒེད་འོག་གི་ བྱང་ཁ་ཐུག་ལས་ རི་དྭགས་སེམས་ཅན་ཚུ་འཛུལ་སའི་ ས་གོ་ངོ་མ་དེ་ ན་ཧིང་ལས་ ས་ཆ་རྒྱ་ཚད་ཀི་ལོ་མི་ཊར་༣ དེ་ཅིག་ནང་ གློག་རྒྱུན་ར་བ་རྐྱབ་ནི་དེ་གིས་ཨིན་པས།
ས་ཁོངས་དེ་ གློག་རྒྱུན་ར་བ་མ་རྐྱབ་པའི་ཧེ་མར་ གླང་ཆེན་ཕུག་སྟོད་ལས་ སྐྱེས་ལོ་༣༦ ལང་མི་ ཆོས་སྐྱིད་དབང་མོ་དེ་ མོ་གི་ཆུ་ཞིང་ཨེ་ཀར་༡.༥ འབད་མིའི་ནང་ ལྕང་ལཱ་རྐྱབ་པ་ཅིན་ གླངམོ་ཆེ་དང་ རི་ཕག་བཟུམ་མའི་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་ཡོདཔ་ལས་ ལོ་ཐོག་བསྡུ་ནི་མེད་པར་ ལཱ་ལྟོ་ཆག་ནི་ཅིག་ལས་ མི་འོང་ཟེར་ འབྱ་འཛུགས་སྐྱོང་མ་འབད་བར་ ཞིང་སྟོངམ་སྦེ་ བཞག་ནི་གི་ མནོ་བསམ་བཏང་ནུག།
ཨིན་རུང་ མོ་གིས་ མནོ་བསམ་ལོག་བཏང་ཐོག་ལས་ ཞིང་རྨོ་འཕྲུལ་ པ་ཝར་ཊེ་ལར་ཅིག་ གླ་ཁར་ལེན་ཏེ་ ལྕང་ལཱ་རྐྱབ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ལྕང་ལཱ་རྐྱབ་སྟེ་ ཟླཝ་༢ དེ་ཅིག་ ལང་ཞིནམ་ལས་ཚུར་ རི་དྭགས་སེམས་ཅན་ཚུ་ ས་ཁོངས་ནང་འོང་ས་ མ་མཐོང་མི་ལུ་ལྟཝ་ད་ དུས་ཅི་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་ཚུགས་ནི་བཟུམ་ཅིག་འདུག་ཟེར་ རྨགཔ་དང་ཡ་བྲལ་སོང་མི་ ཨ་ལུ་༡ གི་ཨའི་གིས་ མོ་གི་འབྱ་ཞིང་ལུ་ མཛུབ་མོ་དཔག་སྟེ་ དགའ་འཛུམ་དང་བཅསཔ་སྦེ་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ ང་བཅས་ཀྱིས་ ལོ་ཐོག་བཏབ་སྟེ་ ཉིན་གྲངས་༡༥ མ་ལངམ་ལས་ར་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་སྟེ་ ལོ་ཐོག་ག་ནི་ཡང་ བསྡུ་མ་ཚུགསཔ་བཟོ་ནི་ཡོད་ཟེར་ ཆོས་སྐྱིད་དབང་མོ་གིས་ སླབ་ཨིན་པས།
མོ་གི་ཨའི་ ཡོང་མིན་གྱིས་འབད་བ་ཅིན་ དུས་ཅི་ གེ་ཟ་དང་ ལོ་ཐོག་གཞན་ཚུ་ཡང་ ལེགས་ཤོམ་སྦེ་ བསྡུ་ཚུགས་མི་དེ་ གཞུང་གིས་ གློག་རྒྱུན་ར་བ་རྐྱབ་གནང་ནི་དེ་གིས་ཨིན་ཟེར་ཨིན་པས།
གློག་རྒྱུན་ར་བ་མེད་པ་ཅིན་ ཆུམ་དང་ ཚོད་བསྲེ་ཚུ་ ཉོ་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་གཏང་དགོཔ་ ཐོན་ཐོནམ་འོང་ཟེར་ ཡོང་མིན་གྱིས་ སླབ་པའི་ཁར་ ང་བཅས་ཀྱིས་ ས་ཁོངས་ཀྱི་ ཕྱི་ཁ་ལས་ཕར་ལྟཝ་ད་ རི་དྭགས་གླངམོ་ཆེ་༢༠-༣༠ དེ་རེ་ མཐོངམ་ཨིན་རུང་ གློག་རྒྱུན་ར་བ་རྐྱབ་ཡོད་ནི་དེ་གིས་ གཡུས་ཁར་དང་ ལོ་ཐོག་གི་ཞིང་ཚུ་ནང་ འཛུལ་མི་ཚུགས་པས་ཟེར་ སླབ་ཨིན་པས།
སོ་ནམ་ཞིང་པ་གཞན་ སྐྱེས་ལོ་༥༣ ལང་མི་ ཤྲི་བྷ་དུར་ བྷ་ཊ་རའི་གིས་ སླབ་མིའི་ནང་ ན་ཧིང་ཚུན་ཚོད་ ཁོ་གི་འབྱ་ཞིང་ཨེ་ཀར་༤ ཡོད་མི་ལས་ ཨེ་ཀར་༡ ལྷགཔ་ཅིག་ རི་དྭགས་སེམས་ཅན་ཚུ་གིས མེདཔ་གཏང་ནི་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ སྤྱ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བཞིན་དུ་ཡོད་རུང་ ཧེ་མ་བཟུམ་སྦེ་ གནོཔ་རྒྱ་ཆེཝ་སྦེ་ བཀལ་ནི་མེད་ཟེར་ དམག་མི་བགྲེསཔ་དེ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ གློག་རྒྱུན་ར་བ་ལུ་བརྟེན་ ལོ་ཐོག་ཚུ་ སྲུང་མ་དགོཔ་མ་ཚད་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ སྐྱེས་མི་ལུ་བལྟ་སྟེ་ སེམས་དགའཝ་མས་ཟེར་ ཤྲི་བྷ་དུར་ བྷ་ཊ་རའི་གིས་ སླབ་ཨིན་པས།
ད་རེས་འབདཝ་ད་ སྐྱིད་ཏོང་ཏོ་སྦེ་ ཉལ་ཚུགསཔ་མ་ཚད་ ལོ་ཐོག་ཚུ་ལུ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ནི་གི་ ཚ་གྱང་ལང་དགོཔ་མེད་ཟེར་ སྐྱེས་ལོ་༦༥ ལང་མི་ དཱན་མ་ཡ་ ཁ་དཱལ་གྱིས་ སླབ་པའི་ཁར་ ཧེ་མ་འབད་བ་ཅིན་ སོ་ནམ་ཞིང་པ་དང་ ལོ་ཐོག་གཉིས་ཆ་ར་ལུ་ རི་དྭགས་སེམས་ཅན་ཚུ་གིས་ གནོད་ཉེན་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ གླང་ཆེན་ཕུག་རྒེད་འོག་གི་ ཁ་སྨད་ཁ་ཐུག་ལུ་ འཛུགས་སྐྱོང་འབད་མི་ སོ་ནམ་ཞིང་པ་དག་པ་ཅིག་གི་ ལོ་ཐོག་ཚུ་ རི་དྭགས་གླངམོ་ཆེ་ཚུ་གིས་ རྒྱ་གར་ཨ་སམ་ས་མཚམས་བརྒྱུད་དེ་ འབྲུག་པའི་ས་ཁོངས་ནང་ འཛུལ་ཐོག་ལས་ གནོདཔ་བཀལཝ་མས་ཟེར་ མི་སེར་ཞིང་པ་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment