གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་གིས་གཙོས་པའི་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ འཕྲུལ་ལསཔ་དང་ བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་གིས་ དྲོ་པ་ཧ་སག་ལས་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ སྐུ་འདྲ་ལུ་ གསོལ་མཆོད་ཚུ་ཕུལ་ཏེ་ སྨོན་ལམ་བཏབ་ཐོག་ལས་ ཉིན་ནུབ་སྦྱེལ་ཏེ་ ཞབས་ཁྲ་དང་ སྙན་ཆའི་སྤྲོ་སྟོན་གྱི་ལས་རིམ་ཚུ་ དང་བཅས་ ཡོངས་གྲགས་ཅན་གྱི་ བི་ཤྭ་ཀརྨའི་དུས་སྟོན་ བརྩི་སྲུང་འབད་ཡི།
ཁ་ཙ་ཕྱི་རུ་ ཐིམ་ཕུ་ལུ་ བཟོ་སྐྲུན་ཁང་ཅིག་ནང་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་སྐབས་ རྒྱ་གར་གྱི་ལས་མི་ཚུ་ ཞབས་ཁྲ་རྐྱབ་པའི་བསྒང་།


ལྷའི་བཟོ་བོ་ བི་ཤྭ་ཀརྨ་དེ་ ཧིན་དུའི་ ཆོས་ལུགས་ལས་འབད་བ་ཅིན་ ལུང་གིས་སྒྲུབ་པའི་ སྤྲུལ་པའི་གང་ཟག་ ཁྱད་དུ་འཕགས་པ་ཅིག་དང་ ཐུན་མོང་མ་ཡིན་པ་ཅིག་ཨིནམ་སྦེ་ བཤད་དོ་ཡོདཔ་མ་ཚད་ ནང་པའི་ཁ་ཐུག་ལས་འབད་རུང་ ལྷའི་བཟོ་བོ་ཟེར་ ཡོངས་གྲགས་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ད་ ཁོ་གིས་ འཛམ་གླིང་ནང་ ཁྱད་དུ་འཕགས་པའི་ རིག་རྩལ་སྣ་ཚོགས་སྟོན་པའི་ལོ་རྒྱུས་ ལེ་ཤ་ཡོདཔ་ཨིན་པས།
འཛམ་གླིང་ནང་ འགྲོ་བ་མི་ལུ་ ཉེ་བར་མཁོ་བའི་ སྡོད་ཁྱིམ་དང་ འཕྲུལ་རིག་ དེ་ལས་ བཟོ་རིག་ཚུ་ ཆ་མཉམ་ར་ བཟོ་བོ་བི་ཤྭ་ཀརྨའི་རིག་རྩལ་ལུ་བརྟེན་ བྱུང་ཡོདཔ་སྦེ་ ཆ་བཞགཔ་ཨིན་པས།
རྒྱུ་མཚན་འདི་ལུ་བརྟེན་ བཟོ་བོ་བི་ཤྭ་ཀརྨའི་ དུས་སྟོན་དེ་ རྒྱ་གར་དང་ འབྲུག་ལུ་ རྐྱངམ་གཅིག་མིན་པར་ རྒྱལ་ཁབ་གཞན་ཚུ་ནང་ཡང་ ཡོངས་གྲགས་ཅན་སྦེ་ར་ བརྩི་སྲུང་འབདཝ་ཨིན་པས།
ཐིམ་ཕུ་ལུ་ སྣུམ་འཁོར་བཅོ་ཁང་དང་ བཟོ་གྲྭ་འཕྲུལ་ཁང་ བཟོ་སྐྲུན་ས་ཁོངས་ དེ་ལས་ འཕྲུས་ཆས་ལག་ལེན་འཐབ་མི་ ལས་ཁང་ཚུ་གིས་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ གནས་སྐབས་ཀྱི་ མཆོད་ཁང་ཚུ་ བཟོ་ཡོདཔ་མ་ཚད་ སྣུམ་འཁོར་དང་འཕྲུལ་ཆས་ཚུ་ལུ་ ཚོན་ཁྲ་ཅན་གྱི་ ཤོག་གུ་དང་ ལྒང་འཕུ་ཚུ་བཏགས་ཏེ་ མཛེས་ཆ་ཅན་གྱི་ ཕྱོགས་བསྒྲིགས་བཀལ་ནུག།
ཧིན་དུའི་ པཎ་ཌི་ཏ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ལྷའི་བཟོ་བི་ཤྭ་ཀརྨའི་ དུས་སྟོན་དེ་ གཙོ་བོ་ར་ འཕྲུལ་ཆས་དང་ བཟོ་རིག་ལུ་བརྟེན་ཏེ་ འཚོ་སྐྱོང་འཐབ་སྡོད་མི་ཚུ་གིས་ དམིགས་བསལ་དུ་ གུས་བཀུར་ཞུ་ཐོག་ལས་ བརྩི་སྲུང་འབད་དགོཔ་ཅིག་ཨིན་མི་དེ་ཡང་ འཇིག་རྟེན་ནང་ འཕྲུལ་ཆས་དང་ བཟོ་རིག་ཚུ་ག་ར་ བི་ཤྭ་ཀརྨའི་ རིག་རྩལ་ཚུ་ལུ་བརྟེན་ཏེ་ བྱུང་བྱུངམ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དུས་སྟོན་བརྩི་སྲུང་གི་སྐབས་ལུ་ ཐིམ་ཕུ་གི་ སྣུམ་འཁོར་བཅོ་ཁང་དང་ ཁྱིམ་གསརཔ་རྐྱབ་པའི་བསྒང་ཡོད་མི་ཚུ་ནང་ མི་མང་སྤུངས་འཛོམས་ཐོག་ལས་ མཆོད་ཁང་གི་གདོང་ཁར་ སྙན་ཆ་དང་ ཞབས་ཁྲ་རྐྱབ་སྟེ་ དགའ་སྤྲོ་སྟོན་སྡོདཔ་ཨིན་པས།
ཐིམ་ཁྲོམ་ལུ་ ཁྱིམ་རྐྱབ་པའི་བསྒང་ཡོད་མི་ ཇོ་བདག་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ བི་ཤྭ་ཀརྨའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བཅའ་སྒྲིག་གི་ཟད་འགྲོ་ཚུ་ ཁོང་ར་གིས་ གཏང་དགོཔ་མ་ཚད་ ལས་མི་ཚུ་ལུ་ ཆང་དང་ བཞེས་སྒོ་ཚུ་ཡང་ བྱིན་དགོཔ་ལས་ ཟད་འགྲོ་སྦོམ་སྦེ་ར་ གནསཔ་མས་ཟེར་ཨིན་པས།
ཤིང་བཟོ་བོ་ཅིག་ཨིན་མི་ ཀཱུལ་བྷ་དུར་གྱིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ཕོཝ་སྟོངམ་མ་ལུས་པར་ སྡོད་ནི་ཡོད་མི་དེ་ གཙོ་བོ་ར་ ལྷའི་བཟོ་བོ་ བི་ཤྭ་ཀརྨའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཏེ་ཨིནམ་ལས་ ཉིན་བསྟར་བཟོ་རིག་གི་ ལཱ་ཚུ་འབདཝ་ད་ བར་ཆད་མེད་པར་ ལེགས་ཤོམ་འགྱོ་ནིའི་དོན་ལུ་ སྨོན་ལམ་བཏབ་སྟེ་ དུས་སྟོན་བརྩི་སྲུང་འབད་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
འཕྲུལ་ལསཔ་ཅིག་གིས་ བཤད་མིའི་ནང་ ལྷའི་བཟོ་བོ་ བི་ཤྭ་ཀརྨ་གིས་ འཕྲུལ་རིག་ནང་ ལཱ་འབད་མི་ཚུ་ལུ་ དམིགས་བསལ་གྱི་དངོས་གྲུབ་གནངམ་བཞིན་དུ་ ང་ཡང་ ད་ཚུན་གྱི་རིང་ འཕྲུལ་རིག་གི་ ལས་དོན་ནང་ དཀའ་ངལ་མེད་པར་ ལཱ་འབད་ཚུགས་མི་དེ་ ལྷའི་ཐུགས་རྗེ་བྱིན་རླབས་ལས་བརྟེན་ཨིན་ཟེར་ཨིན་པས།
ཧིན་དུའི་ཆོས་ལུགས་ནང་ལས་ ཐོན་དོ་བཟུམ་འབད་བ་ཅིན་ བི་ཤྭ་ཀརྨ་དེ་ འཇིག་རྟེན་བྱེད་པོ་ ལྷ་བརྷ་མ་གི་ སྲས་༧ པ་ཨིནམ་ད་ ཁོ་ འཕྲུལ་རིག་དང་བཟོ་རིག་ནང་ མཁས་ནི་དེ་གིས་ གནམ་ཁར་འཕུར་མི་འཕྲུལ་ཆས་ལེ་ཤ་ཅིག་ བཟོ་ནུག་ཟེར་ཨིན་པས།
དེ་འབདཝ་ད་ རྒྱལ་ཁབ་ནང་ འབྲུག་མི་ལ་ལུ་ཅིག་གིས་ དེ་བཟུམ་མའི་ དུས་སྟོན་བརྩི་སྲུང་གི་ ལམ་ལུགས་དེ་ རྒྱལ་ཁབ་གཞན་གྱི་ ལམ་སྲོལ་དང་འཁྲིལ་ཏེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ང་བཅས་རའི་ ལུགས་སྲོལ་ལས་ ལྷ་དང་སྲུང་མ་ཚུ་ལུ་ མཆོད་པའི་ལམ་སྲོལ་ སོ་སོར་ཡོདཔ་མ་ཚད་ ལྷའི་བཟོ་བོ་ བི་ཤྭ་ཀརྨ་དེ་ཡང་ བཟོ་རིག་གི་དོན་ལུ་ ག་ནི་བ་ གལ་ཆེ་བའི་ལྷ་ཅིག་ཨིནམ་ལས་ འབྲུག་པའི་ལམ་སྲོལ་ཐོག་ལས་ཡང་ གསོལ་མཆོད་ཕུལ་ནི་དང་ བརྩི་སྲུང་འབད་སྲོལ་ཡོད་ཟེར་སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment