![]() |
ས་ཆ་གཞན་ལུ་ འཇལ་བྱིན་མི་ལུ་བརྟེན་ དབུགས་འགམ་སྡོད་མི་ པར་ཝི་ཏ་ ནི་རུ་ལ་ (ཁེན་འཇར་ལྕང་ཁ་གྱོན་མི་) དང་ བཟའ་ཚང་ནང་མི་ཚུ། |
དེ་ཡང་ སྐྱེས་ལོ་༥༣ ལང་མི་ པར་ཝི་ཏ་ ནི་རུ་ལ་གིས་ འབྲུག་རྗེས་སྒང་ཁྲོམ་ལས་ མི་ཊར་༣༠༠ དེ་ཅིག་གི་འོག་ལུ་ ས་ཆ་ཨེ་ཀར་༥ དེ་ཅིག་ཡོད་མི་དེ་ ལོ་ངོ་༡༨ དེ་ཅིག་གི་ཧེ་མར་ ས་གནས་ཀྱི་ སའི་ཇོ་བདག་ཅིག་ལས་ ས་ཆ་ཉོ་སྒྲུབ་འབད་དེ་ སྤྱོད་ཡོདཔ་ཨིན་པས།
ཨིན་རུང་ དུས་ཅི་ ས་ཆ་བསྐྱར་འཇལ་འབད་བའི་སྐབས་ རྒཔོ་དང་ ས་འཇལ་སྡེ་ཚན་གྱིས་ མོ་གི་ས་ཆ་ཚུ་ ཆ་མཉམ་ར་ འབྲུག་རྗེས་སྒང་འབྲིང་རིམ་སློབ་གྲྭའི་དོན་ལུ་ མི་སེར་གྱི་ ས་ཆ་ལེན་ཡོད་མི་ཚུ་གི་ སའི་ཇོ་བདག་ཚུ་གི་མིང་ཐོག་ཁར་ འཇལ་བྱིན་ཡོདཔ་ཨིན་པས།
པར་ཝི་ཏ་ ནི་རུ་ལ་དེ་ ངོ་མ་ རྩི་རང་རྫོང་ཁག་ རང་ཐང་གླིང་རྒེད་འོག་ནང་ལས་ཨིནམ་ད་ མོ་གིས་འབད་བ་ཅིན་ ཧེ་མ་ཡང་ གཞིས་རྙིངམ་དེ་ གྱེན་གཟར་དྲགས་སྦེ་ཡོདཔ་ལས་ ཉེན་སྲུང་དང་མ་ལྡན་ནི་དེ་གིས་ མོ་གིས་ འདས་པའི་ལོ་ངོ་བཅུ་ཕྲག་༢ མ་ལངམ་ཅིག་གི་ཧེ་མར་ ས་གནས་ཀྱི་མི་ ས་ཁྲམ་འཆང་མི་ ལོག་བྷ་དྷུར་ བཱན་དཱ་རི་ཟེར་མི་ལས་ ཁྲམ་ནང་འཁོད་ཡོདཔ་བཞིན་ ས་ཆ་ཨེ་ཀར་༡ འབད་མི་དེ་ ཉོ་བསྒྲུབས་འབད་བའི་ཤུལ་ལས་ གཞིས་ཆགས་ཏེ་ སྡོད་ཅི་ཟེར་ཨིན་པས།
གཞིས་རྙིངམ་དེ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ གྱེན་གཟར་དྲགས་འབད་ནི་དེ་གིས་ ས་རུད་ཆད་དེ་ ཁྱིམ་ཡང་མེདཔ་གཏང་ནིའི་ ཉེན་ཁ་ཡོདཔ་ལས་མོ་རའི་ ནུམོ་གི་རྨགཔ་གིས་ རིན་དངུལ་༢༣༠,༠༠༠ སྤྲོད་དེ་ ཐོག་༡ འབད་མི་ ཁྱིམ་དང་སྦྲགས་ཏེ་ ཉོ་ཞིནམ་ལས་ ང་བཅས་ལུ་ བྱིན་པའི་ཤུལ་ལུ་ སེམས་དགའ་སྟེ་ ཟ་སྤྱོད་འབད་དེ་སྡོད་ཅི་ཟེར་ པར་ཝི་ཏ་གིས་ སླབ་ཨིན་པས།
ཨིན་རུང་ ད་རེས་ ངེའི་ས་ཞིང་ཚུ་ ག་དེམ་ཅིག་བཞག་གནང་ཟེར་ རྒཔོ་དང་ སའི་ཚོགས་པ་ དེ་ལས་ རྫོང་ཁག་གི་ ས་འཇལ་མི་ཚུ་ལུ་ གསོལཝ་བཏབ་རུང་ གཞུང་ས་ཨིན་མས་ཟེར་སླབ་སྟེ་ ཉན་མ་བཏུབ་ཟེར་ སླབ་ཨིན་པས།
ས་གནས་དེ་ནང་ བསྡོམས་ ས་ཆ་ཨེ་ཀར་༥ ཡོདཔ་བཞིན་དུ་ ས་ཐེབས་ཨེ་ཀར་༤ ཐོན་མི་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ སྐྱིད་སྡུག་ཞུ་ནི་སྦེ་ སྡོད་པའི་བར་ན་ མི་གཞན་གྱི་མིང་ཐོག་ཁར་ འཇལ་བྱིན་ཡོདཔ་ལས་ ཁོ་ག་ཏེ་སྡོད་ནི་ཨིན་ན་ སྡུག་བསྔལ་ཕོག་སྟེ་ཡོད་ཟེར་ མིག་ཆུ་དང་བཅསཔ་སྦེ་ བཤདཔ་ཨིན་པས།
བཟའ་ཚང་ནང་སྡོད་མི་ ཨ་ལུ་ཚུ་དང་ སྤུན་ཆ་ཚུ་རྩིས་ཏེ་ མི་༡༤ དེ་ཅིག་ཡོདཔ་ད་ མོ་གིས་ ལོ་བསྟར་བཞིན་དུ་ ས་ཁྲལ་ཚུ་བཏབ་ཡོད་པའི་ འབྱོར་རྟགས་ཚུ་ཡང་ བཏོན་ནི་ཡོད་པའི་ཁར་ ལག་ཁྲམ་ཡང་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ དུས་ཅི་ ས་ཞིང་ནང་ ལོ་ཐོག་ཚུ་ཡང་ བཏབ་མ་ཚུགས་མི་དེ་ གླང་ཐོབ་མ་ཚུགས་པའི་ གནད་ལུ་བརྟེན་ཨིན་ཟེར་ སླབ་དོ་ཡོད་རུང་ དེ་ནང་ ཚལ་ལུའི་ལྕངམ་ཚུ་ སྤོ་སྟེ་བཙུགས་རན་མི་དེ་ ས་ཡི་བྱེལཝ་ཐོན་ནི་དེ་གིས་ མ་བཙུགས་པར་བཞག་ཡོད་ཟེར་ཨིན་པས།
འབྲུག་རྗེས་སྒང་རྒཔོ་ འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ས་ཆ་དེ་ ཧེ་མ་ སྒེར་གྱིས་སྤྱོད་སྡོད་མི་ གཞུང་ས་སྦེ་ ཐོན་ཡོདཔ་ད་ ས་འཇལ་ལྷན་ཚོགས་ལས་ ཡི་གུ་ལྷོད་མི་དང་འཁྲིལ་ དེ་ནང་ལས་ ཟླཝ་༣ དེ་ཅིག་གི་ཧེ་མར་ འཐོན་འགྱོ་དགོ་པའི་ བརྡ་བསྐུལ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མོ་གི་ས་ཆ་དེ་ སློབ་གྲྭ་གིས་འབག་མི་ སའི་ཇོ་བདག་ཚུ་གིས་ ས་ཚབ་དེ་ དེ་ནང་ལས་ར་ དགོ་པའི་སྐོར་ལས་ སླབ་མི་ལུ་བརྟེན་ ས་འཇལ་བཅུག་ཅི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ས་ཚབ་ཚུ་འཇལཝ་ད་ ས་འཇལ་མཉམ་འབྲེལ་དང་ བསྟུན་གྲོས་འབད་དེ་ འཇལ་ཡི་ཟེར་ཨིན་པས།
ཨིན་རུང་ ས་གནས་དེ་ནང་ལས་ ས་ཚབ་ཐོབ་མི་ མང་ཤོས་ཀྱིས་ ས་ཚབ་དེ་ ས་གནས་དེ་ནང་ལས་ར་དགོཔ་སྦེ་ མ་སླབ་ཟེར་ སླབ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ས་ཆ་དེ་ གཞུང་ས་ངོ་མ་ཨིན་མི་དེ་ཡང་ ཧེ་མ་ རྒེད་འོག་གི་རྒཔོ་བགྲེསཔ་ ཀརྨ་བསམ་གྲུབ་ཀྱིས་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ སྤང་སེར་བུ་གཡུས་ཚན་ནང་ ཁོ་རའི་ ས་ཆ་ཨེ་ཀར་༡ ཡོད་རུང་ དེ་ནང་ལས་ ཁྲིམས་འགལ་ཐོག་ལས་ ཁོ་རའི་མིང་ཐོག་ཁར་ བཙུགས་ཡོད་པའི་ ཉེས་འཛུགས་ཕོག་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཁྲིམས་འཐུས་དང་ ས་ཆ་དེ་ ལོག་སྟེ་གཞུང་ལུ་ སྤྲོད་དགོ་པའི་འཁྲུན་ཆོད་བཏོན་ཏེ་ཡོདཔ་ཨིན་པས།
ཨིན་རུང་ ཀརྨ་བསམ་གྲུབ་ཀྱིས་འབད་བ་ཅིན་ ས་ཆ་དེ་ སྤྱི་ལོ་༡༩༧༥ ལུ་ སྐྱིད་སྡུག་བློན་པོ་ གཏམ་ཞིང་རྒྱ་གར་ལུ་ སྤང་སེར་བུ་ལུ་ ཁོ་རའི་མིང་ཐོག་ཁར་ཡོད་པའི་ ས་ཆ་ཨེ་ཀར་༡ པོ་དེ་ བཟའ་ཚང་གིས་ ཟ་སྤྱོད་འབད་མི་ས་དང་ བརྗེ་སོར་འབད་དགོ་པའི་གནང་བ་ཞུཝ་བཞིན་དུ་ བཀའ་ཤོག་ཅིག་གནང་ཡོད་རུང་ བཀའ་ཤོག་དེ་ ཤུལ་ལས་ བྱང་སྟོར་ཤོར་སོ་ནི་དེ་གིས་ བདེན་ཚིག་ཤོར་སོ་ཡི་ཟེར་ བཤདཔ་ཨིན་པས།
ཨིན་རུང་ པར་ཝི་ཏ་གིས་འབད་བ་ཅིན་ ས་ཞིང་དེ་ གཞུང་ས་ཨིན་རུང་ དང་པར་དུ་ མོ་རའི་སྤུན་ཆ་གིས་ རིན་གོང་སྤྲོད་དེ་ མོ་ལུ་ཉོ་བྱིན་ཡོདཔ་བཞིན་དུ་ ཟ་སྤྱོད་འབད་སྡོད་པའི་བར་ན་ མི་གཞན་གྱི་མིང་ཐོག་ཁར་ དབང་བཙོང་ཐོག་ འཇལ་བྱིན་མི་དེ་གིས་ སེམས་ཕམ་ཡོད་པའི་ཁར་ ག་ཏེ་འགྱོ་ནི་ཨིན་ན་ མ་ཤེས་པར་ བར་དོ་འཁྱམས་ཏེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།
འབྲུག་རྗེས་སྒང་ལས་ ཚེ་རིང་རྣམ་རྒྱལ།
No comments:
Post a Comment