གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནིའི་གཙོ་རིམ།

༢༥/༩/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་སྤྲོད་ནི་ལུ་ ཚ་གྱང་དང་ གདོང་ལེན་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།


དེ་ཡང་ ལས་གཡོག་ལྷན་ཁག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་མ་སྤྲོད་པའི་ཧེ་མར་ གཡོག་འཚོལ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ གཏན་འཁེལ་བཟོ་ཞིནམ་ལས་ ག་ར་ལུ་ ལཱ་གི་གོ་སྐབས་དང་ སྦྱོང་བརྡར་འབད་ནིའི་དོན་ལུ་ ལྷན་ཁག་གིས་ ཞབས་ཏོག་ལྟེ་བ་དང་གཅིག་ཁར་ ཐོ་བཀོད་རྐྱབ་ནི་ཨིན་པས།
ཤུལ་མའི་ཟླཝ་ འགོ་བཙུགས་ཁམས་ཅིག་ལས་ ལཱ་གཡོག་མེད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ཐོ་བཀོད་འབད་ནིའི་ ལམ་ལུགས་གསརཔ་ཅིག་ འགོ་བཙུགས་ནི་ཨིནམ་ད་ དེ་གི་ཧེ་མར་ ལྷན་ཁག་གིས་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་མ་འཁྱོལ་མི་ཚུ་གི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ལས་ བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧེ་མ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ཡང་ བརྡ་བརྒྱུད་ནང་ གསལ་བསྒྲགས་དང་ བརྡ་འཕྲིན་གཏང་ཞིནམ་ལས་ ལོག་ཐོ་བཀོད་འབད་དེ་ ལཱ་གཡོག་གི་ས་སྟོང་དང་ སྦྱོང་བརྡར་ཚུ་གི་སྐོར་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ག་ར་ལུ་ གློག་འཕྲིན་གཏང་ནི་ཨིན་པས།
ལས་གཡོག་བློན་པོ་གིས་ གསུངས་མིའི་ནང་ ལྷན་ཁག་གིས་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ དཀའ་ངལ་བསལ་ནི་ལུ་ རྩ་འགེངས་ནི་ཟེར་ཨིནམ་ད་ ལྷན་ཁག་གིས་ ཐབས་ཤེས་བཏོན་མི་ཚུ་གིས་ ག་ར་ལུ་ ཁེ་ཕན་ཅན་གྱི་ ལཱ་གཡོག་སྤྲོད་ཚུགས་པའི་འཆར་སྣང་ཚུ་ འགྲུབ་ཚུགས་ཟེར་ཨིན་པས།
ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༤.༢ ལས་ ད་ལྟོ་ཚུན་ བརྒྱ་ཆ་༢.༡ ལུ་ མར་ཕབ་རྐྱབ་ཚུགས་ཡོདཔ་ད་ འཆར་གཞི་༡༠ པའི་ དམིགས་གཏད་བསྐྱེད་མི་དང་འཁྲིལཝ་ད་ བརྒྱ་ཆ་༢.༥ ལུ་ མར་ཕབ་རྐྱབ་ནི་ཟེར་ཨིན་པས།
ལྷན་ཁག་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ག་ར་ལུ་ ཁེ་ཕན་ཅན་གྱི་ ལཱ་གཡོག་སྤྲོད་ནི་ལུ་ སེམས་ཤུགས་བསྐྱེད་དེ་ རྩ་འགེངས་དོ་ཟེར་ཨིན་པས།
ད་ལས་ཕར་ ལྷན་ཁག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ས་སྟོང་དང་ སྦྱོང་བརྡར་གྱི་ གོ་སྐབས་རེ་འཐོན་པ་ཅིན་ ཁོང་རའི་ ཤེས་ཚད་ཀྱི་ གྲུབ་འབྲས་དང་འཁྲིལ་ བརྡ་འཕྲིན་དང་ གློག་འཕྲིན་ ཡང་ཅིན་ བརྒྱུད་འཕྲིན་གྱི་ཐོག་ལས་ ལཱ་གཡོག་གི་ ས་སྟོང་དང་སྦྱོང་བརྡར་ནང་ དགོས་མཁོ་དང་བསྟུན་ གནས་ཚུལ་བྱིན་ནི་ཟེར་ཨིན་པས།
སྒེར་སྡེ་དང་ ལས་འཛིན་ཚུ་ནང་ ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས་འབདཝ་ད་ ཉམས་མྱོང་ཡོད་མི་ཚུ་དགོ་ཟེར་ སླབ་མི་དེ་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གསརཔ་ཚུ་ཡང་ བཙུགས་དགོཔ་འབད་ ཞུ་བ་འབད་ནི་ཨིནམ་ད་ སྒེར་སྡེ་དང་ ལས་སྡེ་ནང་ དྲི་བ་དྲིས་ལན་འབད་ནིའི་ ཐབས་ལམ་ཚུ་གིས་ ལཱ་གཡོག་གི་མདུན་ལམ་དོན་ལུ་ བསླབ་སྟོན་ཆོས་ཚན་ཡང་ བྱིན་ནི་ཨིན་པས།
དུས་ཅིའི་ལོ་ནང་ རྒྱལ་ཡོངས་མཐོ་རིམ་གོམས་འདྲིས་སློབ་སྦྱོང་ལས་རིམ་ནང་ ན་གཞོན་༣,༠༧༥ དེ་ཅིག་ ཐོ་བཀོད་འབད་ས་ལས་ གཡོག་ནང་ཡོད་མི་༣༡༥ རྩིས་ཏེ་ བསྡོམས་ཀྱིས་ ན་གཞོན་༢,༢༦༣ གིས་ བཅའ་མར་གཏོགས་ཡོདཔ་ད་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་༢,༣༧༥ གིས་ སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ད་ཚུན་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ ལཱ་གཡོག་མེད་མི་༢,༩༤༨ དེ་ཅིག་ གཏན་འཁེལ་འབད་ཡོདཔ་ད་ ལྷན་ཁག་གིས་ སྤྱི་ཟླ་༨ པའི་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་ལུ་ བཀྲམ་སྤེལ་འབད་མི་ ལཱ་གཡོག་བརྡ་དོན་ལམ་སྟོན་ནང་ལུ་ ས་སྟོང་༢,༢༢༣ ཡོད་ས་ལས་༦༦༧ དེ་ཅིག་ གཞུང་གི་ནང་ཨིནམ་ད་ ༡,༥༠༠ ལྷགཔ་ཅིག་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ཨིན་པས།
ལྷན་ཁག་གིས་ སྤྱི་ཟླ་༡༡ པའི་ནང་ ཉིནམ་༡ གི་ རྒྱལ་ཡོངས་ལཱ་གཡོག་གི་ གྲོས་གནས་ལས་རིམ་དེ་ ཆེ་མཐོའི་འཆར་གཞི་རྩམ་མི་དང་ གཞུང་དང་ལས་འཛིན་གྱི་འགོ་དཔོན་ ལཱ་གཡོག་འཚོལ་མི་ན་གཞོན་ དེ་ལས་ འབྲེལ་ཡོད་རྒྱལ་སྤྱིའི་ལས་ཚོགས་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
སྤྱི་ཟླ་༡༢ པའི་ནང་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་དང་ ལུང་ཕྱོགས་ལཱ་གཡོག་འགྲེམས་སྟོན་ཚུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment