གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལམ་ལུགས་གསར་པའི་ མདའ་རྩེད་སྦྱོང་བརྡར་ མཇུག་བསྡུ་ཡོདཔ།

༢༠/༩/༢༠༡༢   ༉ ཐིམ་ཕུ་གླང་རྒྱུག་ཕར་ཁ་ འབྲུག་མདའ་རྩེད་ཚོགས་པའི་ རྩེད་ཐང་ནང་སྦེ་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལས་ མདའ་རྩེད་ལམ་ལུགས་གསརཔ་ཅིག་གི་ སྦྱོང་བརྡར་འབད་མི་དེ་ མཇུག་བསྡུ་མི་དང་འབྲེལ་ མདའ་རྩེདཔ་དྲག་ཤོས་ཐོན་མི་ཚུ་ལུ་ ཁ་ཙ་ འབྲུག་མདའ་རྩེད་ཚོགས་པའི་ཁྲི་འཛིན་ བློན་པོ་ཀུན་བཟང་རྡོ་རྗེ་གིས་ རྟགས་མ་དང་ ལག་ཁྱེར་ཚུ་གནང་ཡི།
མདའ་རྩེདཔ་ཚུ་གིས་ ལམ་ལུགས་གསརཔ་པའི་ཐོག་གི་ མདའ་རྩེད་སྦྱང་བ་འབད་བའི་བསྒང་།
གཡོན་ལས་ བཙན་སྐྱོགས་རྡོ་རྗེ་དང་ བཀྲིས་དཔལ་འབྱོར་ ཚེ་དབང་རིན་ཆེན་གསུམ།


དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༧ རེས་གཟའ་མིག་དམར་ལུ་ སྦྱོང་བརྡར་འབད་མི་མདའ་རྩེདཔ་༤༩ གིས་ མདའ་ཆ་༣ འབད་མི་སྐོར་ཐེངས་༡༢ རྩེད་འགྲན་འབད་བའི་སྐབས་ མདའ་ཐེངས་༧༢ རྐྱབ་ད་ ཚེ་དབང་རྡོ་རྗེ་གིས་ སྐུགས་༦༡༤ ཐོབ་སྟེ་ ཨང་པ་དང་པ་ཐོན་ཡོདཔ་ད་ ཁ་ཙ་ མདའ་རྩེདཔ་དྲག་ཤོས་ཀྱི་ བཙག་འཐུའི་དོ་འགྲན་འབདཝ་ད་ ཁོ་གིས་ ཨང་༣ ཐོན་ཡི།
འབྲུག་ཨོ་ལིམ་པིག་ཚོགས་པའི་ མདའ་རྩེདཔ་ བཀྲིས་དཔལ་འབྱོར་གྱིས་ དྲག་ཤོས་ཐོན་ཏེ་ གསེར་གྱི་རྟགས་མ་གི་ གསོལ་རས་ཚུ་ཐོབ་ཡོདཔ་བཞིན་དུ་ བཙན་སྐྱོགས་རྡོ་རྗེ་གིས་ ཨང་༢ པ་ དངུལ་གྱི་རྟགས་མ་དང་ ལག་ཁྱེར་ཚུ་ གཡང་འཕེལ་མདའ་རྩེད་ཚོགས་པ་དང་ འབྲུག་མདའ་རྩེད་ཚོགས་སྡེ་གིས་ བྱིན་ཡོདཔ་ཨིན་པས།
དྲག་ཤོས་༣ གྱི་གྲས་ཁར་ བཙག་འཐུ་གྲུབ་ནིའི་དོན་ལུ་ ཐེངས་དང་པ་ མི་གྲངས་༤༩ ཡོད་མི་ལས་ མི་གྲངས་༣༢ བཙག་འཐུ་འབད་དེ་ ཐེངས་གཉིས་པའི་ནང་ མི་གྲངས་༡༦ བཙག་འཐུ་འབད་ཡོད་པའི་ཁར་ ཐེངས་གསུམ་པ་ མི་གྲངས་༨ ལས་ མི་གྲངས་༤ བཙག་འཐུ་འབད་བའི་ཤུལ་ལུ་ མཐའན་མཇུག་གི་ བཙག་འཐུ་འབད་ཡོདཔ་ཨིན་པས།
མདའ་རྩེདཔ་དྲག་ཤོས་མི་གྲངས་༤ ལས་ ཨང་༡ པ་༢ པ་དང་༣ པའི་དོན་ལུ་ དོ་འགྲན་འབདཝ་ད་ བཙན་སྐྱོགས་རྡོ་རྗེ་གིས་ སྐུགས་༡༣༣ དང་ བཀྲིས་དཔལ་འབྱོར་གྱིས་ སྐུགས་༡༣༡ ཚེ་དབང་རྡོ་རྗེ་གིས་ སྐུགས་༡༢༡ དེ་ལས་ ཀརྨ་ཤེར་པ་གིས་ སྐུགས་༡༡༨ ཐོབ་ཡོདཔ་ཨིན་པས།
ཨང་༣ པའི་དོན་ལུ་ ཚེ་དབང་རྡོ་རྗེ་དང་ ཀརྨ་ཤེར་པ་གཉིས་ཀྱི་བར་ན་ དོ་འགྲན་འབདཝ་ད་ ཚེ་དབང་རྡོ་རྗེ་གིས་ སྐོར་ཐེངས་༥ ནང་ སྐུགས་༡༢༧ ཐོབ་ད་ ཀརྨ་ཤེར་པ་གིས་ སྐུགས་༡༢༠ ལུ་ལུས་སོཔ་ལས་ ཨང་༤པའི་ནང་ཀརྨ་ཤེར་པ་ཚུད་ཡོདཔ་ཨིན་པས།
བཙན་སྐྱོགས་རྡོ་རྗེ་དང་ བཀྲིས་དཔལ་འབྱོར་གཉིས་ཀྱི་བར་ན་ དོ་འགྲན་འབདཝ་ད་ སྐོར་ཐེངས་༥ འི་ནང་ བཀྲིས་དཔལ་འབྱོར་གྱིས་ སྐུགས་༡༢༦ ཐོབ་ད་ བཀྲིས་དཔལ་འབྱོར་གྱིས་ སྐུགས་༡༢༠ ལས་ཐོབ་མ་ཚུགསཔ་ལས་ ཨང་༢ པའི་ནང་ཚུད་ཡོདཔ་ཨིན་པས།
ཨང་༡ པ་དང་༢ པ་ཐོན་མི་ བཀྲིས་དཔལ་འབྱོར་དང་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་ལས་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ནང་ མདའ་རྐྱབ་སྡོད་རུང་ རྒྱལ་སྤྱིའི་དོན་ལུ་ད་ཚུན་ རྒྱལ་ཁབ་ནང་ རྒྱལ་ཡོངས་རྩེད་འགྲན་སྡེ་ཚན་བཟོ་བཟོཝ་ མེད་ཟེར་ཨིན་པས།
ཚེ་དབང་རྡོ་རྗེ་གིས་འབད་བ་ཅིན་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་སྦོམ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ འགོ་ཐོག་ རྒྱལ་སྤྱིའི་ནང་ དྲག་ཤོས་ཐོན་མི་ སློབ་སྟོན་པ་ལས་ སློབ་སྦྱོང་འབད་ནིའི་གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ལས་རིམ་དེ་ཡང་ འབྲུག་མདའ་རྩེད་ཚོགས་པ་དང་ གཡང་འཕེལ་མདའ་རྩེད་ཚོགས་པ་གཉིས་ མཉམ་འབྲེལ་ཐོག་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ རྒྱལ་སྤྱིའི་ གཞུ་འཁོར་ལོ་ཅནམ་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གཡང་འཕེལ་མདའ་རྩེད་ཚོགས་པའི་ དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རང་ལུགས་ཀྱི་མདའ་རྩེད་འགྲན་བསྡུར་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་སྐྱེད་མི་ལེ་ཤ་ཡོད་རུང་ ད་ཚུན་ རྒྱལ་ཡོངས་ཀྱི་ མདའ་རྩེད་སྡེ་ཚན་མེད་མི་ལུ་བརྟེན་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ དོ་འགྲན་འབད་བར་འགྱོ་མ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ རྒྱལ་སྤྱི་ཨོ་ལིམ་པིག་ནང་ རྩེད་འགྲན་འབད་ནིའི་ སྲོལ་གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ འབྲུག་པའི་སྡེ་ཚན་གྱིས་ བཅའ་མར་གཏོགས་ཚུགས་པའི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཐབས་ལུ་ རྩ་འགེངས་དགོ་ཟེར་ཨིན་པས།
དེ་སྦེ་འགོ་འདྲེན་འཐབ་དགོ་པའི་དམིགས་དོན་གཙོ་བོ་ར་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ འབའ་སྐྱོར་གྱི་ རིང་ཚད་མི་ཏར༌༡༤༥ འབད་མིའི་ནང་ རྩེད༌འགྲན༌ཚུ༌ལེགས༌ཤོམ༌སྦེ༌ འབད༌ཚུགས༌ཡོད༌མི༌ལུ༌བརྟེན་ ད་ལྟོའི་རྩེད་འགྲན་དེ་ རིང་ཚད་མི་ཏར་༥༠ འི་ནང་འཁོད་ལུ་ཨིནམ་ལས་ འཛམ་གླིང་ནང་ དོ་འགྲན་འབད་ཚུགས་པའི་འོས་འབབ་སྦོམ་ཡོདཔ་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
བདུན་ཕྲག་གཅིག་གི་རིང་ལུ་ སློབ་སྟོན་པ་སྦེ་འོང་མི་ ཡུ་ནའི་ཊེཌ་ ཀིང་ཌོམ་ལས་ སྐྱེས་ལོ་༣༥ ལང་མི་ མའི་ཀཱལ་ པརཌ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྲོ་བ་དང་དང་འདོད་སྐྱེད་ཐོག་ལས་ སློབ་སྦྱོང་འབད་ཡོདཔ་ལས་ སློབ་སྟོན་འབད་ནི༌ལུ༌སྤྲོ༌བ༌བྱུང་ཡི༌ཟེར་ ཨིན་པས།
འབྲུག་རྒྱལ་ཁབ་ནང་ མདའ་རྩེད་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ༌གིས༌རྒྱལ་སྤྱིའི་ ཨོ་ལིམ་པིག་གི་ རྩེད་འགྲན་ནང༌ དོ་འགྲན་འབད་ཚུགས་པའི་འོས་འབབ་སྦོམ་ཡོདཔ་ལས་ བཅའ་མར་གཏོགས་མི་ཚུ་གིས་ ད་ལས་ཕར་ ཉིན་བསྟར་བཞིན་དུ་ སྦྱོང་བརྡར་འབད་ནི་དང་ བརྩོན་ཤུགས་ཐེབས་བསྐྱེད་ནི་དེ་ གལ་ཆེ་ཟེར་ཨིན་པས།
སྐུ་མགྲོན་གཙོ་བོ་ འབྲུག་མདའ་རྩེད་ཚོགས་པའི་ ཁྲི་འཛིན་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་ གསུངས་མིའི་ནང་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ རྒྱལ་སྤྱིའི་ལམ་ལུགས་ཀྱི་ཐོག་ལས་ བཅའ་མར་གཏོགས་ཏེ་ རིག་རྩལ་དང་ མཁས་རིག་ལེགས་ཤོམ་བཏོན་ཡོདཔ་ལས་ རྒྱལ་ཁབ་ཀྱི་མིང་གཏམ་འཐོན་ཚུགས་ནི་ལུ་ འོས་འབབ་སྦོམ་འདུག་ཟེར་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment