གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ དང་སྐར་མ་༣༠ ལས་ ཁྲུས་བབས་འགོ་བཙུགས་ཡོདཔ།

༢༢/༩/༢༠༡༢   ༉ ད་རིས་ རྒྱལ་ཁབ་ནང་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༨ པའི་ དབུགས་ཐོབ་ཉིནམ་ལུ་ ཁྲུས་བབས་ཀྱི་ དུས་ཚོད་ཕོགཔ་ལས་བརྟེན་ མི་ཚུ་གིས་ རང་གི་རྒྱུད་ལུ་ཡོད་པའི་ ལུས་ངག་ཡིད་གསུམ་གྱི་ ལས་དང་ཉོན་མོང་པའི་ སྡིག་སྒྲིབ་ཚུ་དག་ཐབས་ལུ་ ཁྲུས་ལུ་བརྩོན་དགོཔ་ཨིན་ཟེར་ སེམས་རྟོགས་ཁ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་གྲྭའི་རྩིས་སློབ་ རིན་ཆེན་དབང་འདུས་ཀྱིས་ སླབ་ཨིན་པས།
ཁྲུས་བབས་ཀྱི་ མགུ་ཏོ་འཁྱུ་བའི་བསྒང་།


དེ་ཡང་ ཧེ་མ་ འཇིག་རྟེན་གྱི་ཁམས་འདི་ རིམ་པ་བཞིན་དུ་གྲུབ་ཚར་བའི་ཤུལ་ལུ་ སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་ ཉི་མ་ཟླ་བ་ སྐར་མ་གསུམ་ འཇིག་རྟེན་གྱི་ཁམས་འདི་ནང་ འཆར་བའི་དུས་སྐབས་འགོ་བཙུགས་ཡོདཔ་ད་ དེ་ཚུ་གི་གྲས་ལས་ སྐར་མ་ར་ཥི་འམ་ ཡོངས་གྲགས་ལུ་ ཁྲུས་སྐར་ཟེར་མི་ཅིག་ བྱུང་ཡོདཔ་མ་ཚད་ སྐར་མ་དེ་གི་འཆར་ལུགས་དེ་ཡང་ དབང་ཆེན་རིའི་རྒྱལ་པོ་ རི་རབ་ཀྱི་ ཕྱེད་ཀ་ལས་ཕར་ གསེར་གྱི་རི་བོ་ གཉའ་ཤིང་འཛིན་གྱི་རི་བོའི་རྩེ་ལས་ རྒྱ་མཚོ་ལས་དཔག་ཚད་ ཉིས་ཁྲི་གིས་མཐོ་བའི་གནམ་མཁའ་ལས་ ཟླ་བ་དྲུག་ཉིན་མ་དང་ ཟླ་བ་དྲུག་ནུབ་མོར་ ཤར་དོ་ཡོདཔ་ཨིན་པས།
ཁྲུས་སྐར་ཟེར་མི་སྐར་མ་དེ་ ངོ་བོ་ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ལས་གྲུབ་པ་ ཞེང་ཚད་རྒྱང་གྲགས་དྲུག་གི་ ཚད་དང་ལྡན་པའི་གུ་ལུ་ གསེར་གྱི་ར་བས་བསྐོར་ཏེ་ ལྷའི་གྲོང་ཁྱེར་དང་སྐྱེད་མོས་ཚལ་ལ་སོགས་པ་ག་ནི་བས་ ཉམས་དགའ་བས་བརྒྱན་པའི་རྒྱུ་སྐར་འདི་ རིམ་པ་བཞིན་དུ་ རི་རབ་བསྐོར་ཏེ་ཤར་དོ་ཡོདཔ་ཨིན་པས།
གསེར་གྱི་རི་བོ་མུ་འཁྱུད་འཛིན་གྱི་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་དབུས་སུ་ ལྷ་ཀླུ་གནོད་སྦྱིན་དྲང་སྲོང་བདེན་པ་གྲུབ་པ་ཚུ་གིས་ རིན་པོ་ཆེ་སྣ་ཚོགས་ལས་ རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་ཅིག་ བཞེངས་ཏེ་ཡོད་མི་འདི་གི་ དབུའི་གཙུག་ཏོར་ཡང་ ནོར་བུ་ཆུ་ཤེལ་ལས་གྲུབ་ཡོདཔ་ཨིན་མས།
སྐར་མ་དེ་ ལོ་ཨ་རྟག་ར་ ཟླཝ་༧ པའི་ནང་ ཚར་རེ་དབུགས་ཐོབ་མི་དང་འཁྲིལ་ཏེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་གྱི་ ཐད་ཀའི་ནམ་མཁར་ལྷོད་དོ་ཡོདཔ་ལས་ དེ་བསྒང་ སངས་རྒྱས་ཀྱི་དབུའི་གཙུག་ཏོར་འབྱིད་དེ་ འགྱོ་ཚུགས་ཚུགས་ལུ་ ཞག་བདུན་འགོར་དོ་ཡོདཔ་ལས་ དེའི་རིང་ལུ་ རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་དང་ དྲང་སྲོང་རྣམས་ཀྱི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་ བསོད་ནམས་ཀྱི་སྟོབས་ལས་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ཆུ་ཤེལ་གྱི་ རང་བཞིན་ཅན་འདི་ལས་ བདུད་རྩིའི་རྒྱུན་ ཉིན་ཞག་བདུན་གྱི་རིང་ལུ་ འབབ་དོ་ཡོདཔ་ཨིན་པས།
དེ་བསྒང་ འཛམ་གླིང་གི་ཆུ་ཕྲན་ཚུ་ཡང་ བདུད་རྩིའི་རང་བཞིན་ལུ་ འགྱུར་དོ་ཡོདཔ་ལས་ ང་བཅས་ཀྱིས་ གཟུགས་ཆུ་འཁྱུ་བ་ཅིན་  ལུས་སྒྲིབ་བག་ཆགས་ངན་པ་ཚུ་དག་ནི་དང་ རྐྱེན་བར་ཆད་ ནད་ཡམས་རིམས་ཚད་ཚུ་ཞི་སྟེ་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་ཚུགས་ནི་ཨིནམ་ལས་ ཁྲུས་ལུ་བརྩོན་དགོཔ་ཨིན་པས།
རྩིས་སློབ་ རིན་ཆེན་དབང་འདུས་ཀྱིས་ བཤད་མིའི་ནང་ ད་རིས་ ཁྲུས་བབས་ཀྱི་དུས་ཚོད་དེ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ དང་ སྐར་མ་༣༠ ལས་ འགོ་བཙུགས་ཡོདཔ་ལས་ གཟུགས་འཁྱུ་བའི་སྐབས་ལུ་ གདོང་ཕྱོགས་བྱང་ཁ་ཐུག་ལུ་སྟོན་པ་ཅིན་ ལུས་ངག་ཡིད་གསུམ་གྱི་ སྡིག་སྒྲིབ་ཚུ་དག་སྟེ་ བསམ་པའི་དོན་ཀུན་འགྲུབ་པའི་ རྟེན་འབྲེལ་ཡོད་ཟེར་ ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment