གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་ ཇོ་བདག་ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ།

༢༧/༩/༢༠༡༢   ༉ བུམ་ཐང་ལས་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༩ པའི་ཚེས་༢༥ གི་ཉིན་མར་ ཕུན་ཚོགས་གླིང་ལུ་འགྱོཝ་ད་ ས་གནས་ ཕྱ་སི་ལ་ཁ་དང་ པ་དི་ཆུའི་བར་ན་ ཁོ་ར་བདའ་འགྱོ་མི་ སྣུམ་འཁོར་ཀཱར་དེ་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ རྨ་སྐྱོན་ཤུགས་སྦེ་ར་བྱུང་སྟེ་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ནུག།


ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁར་ དགེ་འདུ་ལས་ ཐིམ་ཕུ་ཁ་ཐུག་ལུ་འོང་སའི་ ཀི་ལོ་མི་ཊར་༡༡ དེ་ཅིག་གི་ས་ཁར་ བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་ནང་ ཇོ་བདག་ཁོ་ར་རྐྱངམ་གཅིག་ཨིན་པས།
སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་༥༠༠ གི་ས་ཁར་ རྦོབ་རིལ་སོངམ་ད་ དགེ་འདུའི་ནགས་ཚལ་གླིང་འཛིན་པ་གིས་ མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ནགས་ཚལ་གླིང་འཛིན་པ་དང་ ལས་མི་དག་པ་ཅིག་ སྣུམ་འཁོར་རྦོལ་རིལ་ས་ལས་ མི་ཊར་༣༠༠ དེ་ཅིག་གི་ ལམ་ལྟག་ལུ་ ནགས་ཤིང་འཛུགས་སྐྱོང་འབད་སྡོདཔ་ད་ ཀཱར་རྦོབ་རིལ་འགྱོ་སར་ མཐོང་ནུག་ཟེར་ཨིན་པས།
ནགས་ཚལ་གླིང་འཛིན་པ་དང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དག་པ་ཅིག་གིས་ ལམ་འོག་ལུ་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་སོང་ཡོདཔ་བཞིན་དུ་ ཁོང་དང་ཁྲིམས་སྲུང་འགག་པ་མཉམ་རུབ་ཐོག་ལས་ རྨ་སྐྱོན་བྱུང་མི་ ཕོ་སྐྱེས་དེ་ ལམ་ཁར་བཏོན་ཡི་ཟེར་ཨིནམ་ད་ ཚོང་པ་ཅིག་ཨིན་མི་ ཕོ་སྐྱེས་ཀྱི་ མགུ་ཏོ་ཁར་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ་མ་ཚད་ རྐངམ་གཉིས་ཆ་ར་ ཆག་དཀྲུམས་ཡར་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་བྱུང་སའི་ ས་གོ་ལས་ཡར་ གྱེན་གཟར་དྲགས་སྦེ་ཡོདཔ་ལས་ གནོད་སྐྱོན་བྱུང་མི་ ཕོ་སྐྱེས་དེ་ ལམ་ཁར་བཏོན་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་སོ་ཡི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་པའི་ཁར་ སྣུམ་འཁོར་ཀཱར་དེ་ རྩ་བ་ལས་ མེདཔ་བཏང་པའི་ཁར་ ཡན་ལག་ཅ་ཆས་ཚུ་ གཏོར་བཏང་ཡོདཔ་མ་ཚད་ མེདཔ་བཏང་མི་ སྣུམ་འཁོར་དེ་ འཚོལ་མ་ཐོབ་པར་ཡོདཔ་ལས་ ད་ལྟོ་ འཚོལ་བའི་བསྒང་ཡོད་ཟེར་ སླབ་ཨིན་པས།
ཨིན་རུང་ རྐྱེན་ངན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ ད་ལྟོའི་བར་ན་ཡང་ ཧ་གོ་མ་ཚུགས་པར་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ འཁོར་ལམ་གུ་ བཀག་འཕྲུལ་ལག་ལེན་འཐབ་པའི་ ཤུལ་མེད་པའི་ཁར་ གནམ་གཤིས་གནས་སྟངས་ཡང་ ལེགས་ཤོམ་འདུག་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment