![]() |
གཡག་ལྷ་བརྩི་སྲུང་འབད་བའི་བསྒང་། (པར: ཀུན་བཟང་འཕྲིན་ལས) |
ཧེ་མ་ གཡག་ལེ་ཤ་མཐོང་རུང་ ད་རེས་ནངས་པ་ དཀོན་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་མས། |
དེ་ཡང་ འདས་པའི་ལོ་ངོ་ བཅུ་ཕྲག་གཅིག་གི་ ཧེ་མ་འབད་བ་ཅིན་ རང་ཟླ་༧ པའི་ནང་ གཡག་ལྷ་ཟེར་ ནོར་གྱི་བྱང་སར་ བོན་ཆོས་ལུགས་ཀྱི་ ནོར་ལྷ་གསོལ་བའི་དུས་ཚོད་ཅིག་ཨིནམ་ལས་ དེ་སྐབས་ ཁྱིམ་གུང་པ་ གཡག་ཡོད་མི་དང་ གཡག་མེད་མི་ཚུ་ལུ་ ཕྱུགས་ནོར་ཡོདཔ་ལས་ དེ་ཚུ་ག་ར་གིས་ གཡག་ལྷ་དེ་ ནོར་ལྷ་ཅིག་ཨིན་པའི་ ཡིད་ཆེས་སྐྱེད་ཐོག་ལས་ ལྷ་གསོལ་སྟེ་ དགའ་སྤྲོའི་དུས་སྟོན་བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ འདས་པའི་ལོ་ངོ་༡༠ དེ་ཅིག་ལས་ ཨུ་རའི་གཡག་དང་ ཕྱུགས་ནོར་འཚོ་མི་ མར་ཉམས་སོང་བའི་ གནས་སྟངས་འགོ་བཙུགས་ཞིནམ་ལས་ཚུར་ དུས་སྟོན་བརྩི་སྲུང་གི་ ལམ་སྲོལ་དེ་ཡང་ ཉམས་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ གཡག་ལྷ་བརྩི་སྲུང་འབད་མི་དེ་ གཡག་དང་ཕྱུགས་ནོར་ལག་ལེན་འཐབ་མི་ཚུ་ཨིནམ་ལས་ དེ་ཚུ་མེད་པའི་བསྒང་ལས་ གཡག་ལྷ་བརྩི་སྲུང་འབད་མི་ཡང་ མེདཔ་ཨིན་པས།
གཡག་ལྷ་ཟེར་མི་དེ་གི་ འབྱུང་ཁུངས་ཁ་གསལ་ཅིག་ ཡིག་ཐོག་ལུ་བཀོད་བཀོདཔ་ག་ཏེ་ཡང་མེདཔ་ཨིན་རུང་ ཆོས་འབྱུང་ཚུ་ནང་ བོན་སྟོན་པ་ཤེས་རབ་དང་ རྗེ་བཙུན་མི་ལ་རས་པ་༢ གངས་རི་ཏི་སའི་རྩེ་ལུ་ དྲོ་པ་ཉི་མའི་རྩེ་ཕོག་མི་དང་བསྟུན་ ཁོང་གཉིས་ཀྱི་ རི་རྩེ་གུ་ག་གིས་ལྷོད་ཚུགས་ག་བལྟ་ནི་ཟེར་ བརྫུ་འཕྲུལ་འགྲན་པའི་ལོ་རྒྱུས་ཡོད་མི་དེ་དང་ དུས་མཚུངས་འོང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ལོ་རྒྱུས་དེ་རྗེ་བཙུན་མི་ལའི་ མགུར་གླུའི་ཚིག་ནང་ཡང་འདུག་ཟེར་ ཆོསཔ་རྒས་ཤོས་ཚུ་གིས་བཤད་པའི་ཁར་ ལོ་རྒྱུས་དེ་དང་འཁྲིལཝ་ད་ བོན་སྟོན་པ་ཤེས་རབ་ཀྱིས་ དྲོ་པ་ཧ་སག་ ལོངས་ཞིནམ་ལས་ ཉི་མའི་རྩེ་དང་སྦྲགས་ གངས་རི་ཏི་སི་ལུ་ལྷོད་ཚུགས་ནིའི་དོན་ལུ་ ཁོ་རའི་ཆིབས་རྟ་ རྔ་ཅིག་ཡོད་མི་གུར་ བཞོན་ཏེ་སོང་ནུག་ཟེར་ཨིན་པས།
བླམ་མི་ལ་རས་པ་གིས་ ཁོ་རའི་སྲིངམོ་དེ་ལུ་ ཉིམ་ཐོན་རནཔ་ཅིག་ ང་ལྷོང་སྨ་རེད་ཟེར་སླབ་སྦེ་ གཟིམ་བཞུགས་ཞིནམ་ལས་ ཉིམ་ཐོནམ་དང་འབྲེལ་ མི་ལ་རས་པ་གིས་ ཉི་མའི་འོད་ཟེར་གུ་ཆིབས་ཏེ་བྱོནམ་ད་ བོད་སྟོན་པ་ཤེས་རབ་ཀྱིས་ གངས་རིའི་སྤྱི་ཏོག་ཁར་ དུམ་གྲ་ཅིག་ མ་ལྷོད་པའི་ཧེ་མར་ བླམ་གྱིས་དེ་ཁར་ཕེབས་ལས་ བླམ་གྱིས་ སྟོན་པ་ཤེས་རབ་ཀྱི་ རྔ་གུར་ རྡོག་ཐལ་བླུགས་ཏེ་ བོན་སྟོན་པ་ རྔ་དང་སྦྲགས་ཏེ་ གངས་ཏོག་གུ་ལས་མར་ རྦོབ་རིལ་བཏང་སྟེ་ བླམ་རྗེ་བཙུན་མཆོག་གིས་ རྒྱལ་ཁ་ཐོབ་ནུག་ཟེར་ཨིན་པས།
དེ་ལས་ཚུར་ བོན་གྱི་སྟོན་པ་གིས་འབད་མི་དེ་ འདི་ཕྱི་༢ ལུ་ཕན་པའི་ཆོས་མེནཔ་ལས་ སྤེལ་མ་ཆོག་པའི་ དམ་ལུ་བཏགས་ཡོདཔ་ཨིན་རུང་ བླ་མ་གིས་ བོན་ལྷ་དེ་ གནས་སྐབས་འགྲོ་བའི་གནས་སྟངས་ལུ་ ཕན་ཐོགས་ཀྱི་འོས་འབབ་ཡོད་པའི་ ནོར་ལྷ་ཅིག་ཨིནམ་མཁྱེན་ཏེ་ ལོ་བསྟར་བཞིན་དུ་ ཉིནམ་༣ གྱི་རིང་ ནོར་ལྷ་དེ་བརྟེན་ཆོག་པའི་ བཀའ་གནང་ནུག་ཟེར་ཨིན་པས།
ཉིནམ་དེ་ལས་ཚུར་ དཔེར་ན་ གཞལམ་བསྒང་ ཁེངས་ཀྱི་མཁར་པོ་ཟེར་ བོན་མཆོད་འབད་མི་དང་ ཀྲོང་གསར་ལུ་ ལྷ་བོན་ཟེར བོན་དཀར་གྱི་ བརྩི་སྲུང་འབད་ནི་ཡོད་མི་ཚུ་དང་ ཨུ་རའི་གཡག་ལྷ་དེ་ཡང་ འདི་དང་བཅོག་ར་འཐད་ནི་མས་ཟེར་ ཨུ་ར་ལས་ རྒྱ་མཚོ་གིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨུ་རའི་ལྷ་འོད་སྡེ་གོང་རྒྱན་དང་ ཁེངས་ཀྱི་མཁར་པོ་ དེ་ལས་ ཀྲོང་གསར་གྱི་ ལྷ་བོན་ཟེར་མི་ཚུ་ དོན་ལུ་ ནོར་ལྷ་ཨིན་ཚུལ་ གཅིག་བཟུམ་མཐོངམ་མས་ཟེར་ཨིན་པས།
ཨུ་རའི་གཡག་ལྷ་དེ་ གསོལ་བའི་ཉིནམ་ལུ་ ཕྱི་རུ་ལྷ་ཞུ་ཞིནམ་ལས་ དྲོ་པ་གནམ་མ་ལངས་ཚུན་ཚོད་ ལྷ་དཔོན་གྱིས་ མགུ་ཏོ་ཁར་ རས་དཀརཔོ་ཅིག་ དཀྱིས་ཞིནམ་ལས་ གཡག་ལྷའི་ཆོ་ག་ལས་ཐོན་པའི་ བསངས་མཆོད་དེ་ བཏང་སྡོད་དགོ་པའི་ཁར་ མི་ཚུ་གིས་ ཉིན་བཞག་༣ གྱི་རིང་ ནང་པའི་ལུགས་ཀྱི་ མ༌ནི་བགྱང་ནི་ལ་སོགས་པའི་ རིགས་ག་ཅི་ཡང་འབད་མ་བཏུབ་སྦེ་ བོན་ལུགས་གཡག་ལྷའི་ཆོ་ག་བཏང་དགོཔ་ཨིན་པས།
རྟེན་གསོ་ཟེར་ ལྷའི་ཆིབས་རྟའི་དོན་ལུ་ཕུལ་བའི་ཚུལ་ལུ་ གཡག་འཚོ་མི་ཚུ་གིས་འབད་བ་ཅིན་ གཡག་སྟོབས་ཅན་ཚུ་ གདམ་ཞིནམ་ལས་ པཱམ་གཟར་ཟེར་ གཡག་གི་སྤུ་དཀརཔོ་ཆག་པ་བཟོ་ཞིནམ་ལས་ འཚོས་གཞི་མ་འདྲཝ་བཟོ་སྟེ་ གཡག་གི་མཇུག་མ་དང་ ཕོཝ་འོག་གི་སྤུ་ཁར་ལུ་ རྒྱན་ཆ་གཏགས་ཏེ་ གཡག་ལྷའི་ཆོ་གའི་རིམ་པ་དང་འཁྲིལ་ མཆོད་ཡོན་ཚུ་ཕུལ་ཞིནམ་ལས་ ཁྲུས་དང་ ཕྱེ་མར་གཏོར་ཏེ་ ལྷ་ཆེན་པོ་འོད་སྡེའི་གོང་རྒྱན་དེ་ སླར་ལོག་བྱོན་པའི་ཚུལ་ལུ་ གཡག་ཚུ་རི་ཁར་རྩྭ་ཁར་གཏངམ་ཨིན་པས།
ད་རེས་ནངས་པ་ དེ་བཟུམ་མའི་ བརྩི་སྲུང་འབད་ནི་གི་དོན་ལུ་ བུམ་ཐང་ཨུ་ར་ལུ་ གཡག་དང་ ཕྱུགས་ནོར་ཡོད་མི་ཡང་ ཁྱིམ་གུང་༢ དང་༣ ལས་ མེད་པའི་ཁར་ ལམ་ལུགས་དེ་ཉམས་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ གཡུས་ལས་ ཐག་རིང་ས་ཅིག་ཁར་ གུར་སྤུབ་སྟེ་ གཡག་ལྷའི་ཆོ་གའི་རིམ་པ་བཟུམ་སྦེ་མ་འབད་རུང་ དགའ་སྤྲོའི་ལས་རིམ་ཐོག་ལས་ གཡག་ལྷ་བརྩི་སྲུང་འབད་མི་རེ་གཉིས་འདུག་ཟེར་ཨིན་པས།
གནས་སྟངས་དེ་དང་འཁྲིལ་བ་ཅིན་ ལམ་སྲོལ་གྱི་གནས་སྟངས་དེ་ གོང་འཕེལ་གྱི་འགྱུར་བ་དང་བསྟུན་ ག་དེ་སྦེ་འབད་རུང་ ཉམས་སྲུང་འབད་ནི་དེ་ དོ་འགྲན་ཅན་ཅིག་འོང་ནི་ཨིན་མས་ཟེར་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment