![]() |
དྲིལ་བུ་མེ་ཏོག། Photo Courtesy: Rammstein |
ཉིནམ་བརྩི་སྲུང་དེ་གི་ དམིགས་བསལ་ལས་རིམ་ གལ་ཆེ་ཤོས་ར་ འབྲུག་གི་རྒྱལ་བཙུན་མཆོག་ལུ་ གུས་བཏུད་ཞུ་བའི་ བརྡ་མཚོན་ལུ་ ནེ་དར་ལེནསི་རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་ མགྲིན་ཚབ་ལུ་ ཌཱཆི་གི་བློན་པོ་བགྲེསཔ་དང་ རྒྱང་མཐོང་ནང་ ཡོངས་གྲགས་ཅན་ཅིག་ཨིན་མི་ ཨམ་ཨི་རི་ཀ་ ཏིརསི་ཊ་གིས་ འབྲུག་གི་བློན་ཆེན་གྱི་ དམིགས་བསལ་སྐུ་ཚབ་ བློན་པོ་བགྲེསཔ་ དར་མགོ་ཚེ་རིང་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
དེ་བསྒང་ བློན་པོ་བགྲེསཔ་དར་མགོ་ཚེ་རིང་གིས་ བཤད་མིའི་ནང་ མཛེས་ཆ་དང་ལྡན་ཞིང་ ཡིད་འཕྲོག་ནུས་པ་ བཀྱག་མདངས་ཆེ་བའི་ དྲིལ་བུ་མེ་ཏོག་དེ་གིས་ འབྲུག་གི་རྒྱལ་བཙུན་མཆོག་གི་ ཞལ་རས་ཀྱི་ བརྡ་མཚོན་གསལ་སྟོན་འབདཝ་མ་ཚད་ རྒྱལ་བརྒྱུད་རྒྱལ་ཁབ་ ནེ་དར་ལེནསི་དང་ འབྲུག་གི་མི་སེར་ཚུ་གི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་གྱི་ རྟགས་མཚན་བཟང་པོ་ཅིག་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
འབྲུག་གི་རྒྱལ་བཙུན་གྱི་ དྲིལ་བུ་མེ་ཏོག་དེ་ སྤྱི་ལོ་༢༠༡༡ ཟླཝ་༡༠ པའི་ནང་ རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་མཛད་པའི་ རྟེན་འབྲེལ་གྱི་ རྗེས་དྲན་ཞུ་ནིའི་དོན་ལུ་ འབྲུག་གི་མི་སེར་ཚུ་དང་ མཐུན་ལམ་དང་ མཉམ་འབྲེལ་ཡར་རྒྱས་གཏང་ནི་ལུ་ ཆེད་དམིགས་བསྐྱེད་མི་ ཌཱཆི་གི་གཞུང་མིན་ལས་ཚོགས་ འབྲུག་དང་ མཉམ་རོགས་ལས་སྡེ་གིས་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
མེ་ཏོག་གི་སོན་ ཀེ་བ་བཟུམ་འབད་མི་ ར་སྒོ་དེ་ ཌཱཆི་གི་ཡོངས་གྲགས་ཅན་གྱི་ མེ་ཏོག་ཚོང་སྡེ་ ཕུ་ལུ་ཝེལ་གྱིས་ འཛུགས་སྐྱོང་འབད་ཡོདཔ་ད་ དུས་སྟོན་བརྩི་སྲུང་དེ་ནང་ མེ་ཏོག་ཚོང་སྡེའི་ འཐུས་མི་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡི་ཟེར་ བེལ་ཇི་ཡམ་ལས་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འབྲུག་གི་ཉིནམ་དེ་ རྒྱལ་ཡོངས་ཀྱི་ རྒྱལ་དར་འཕྱར་ཏེ་ རྒྱལ་པོའི་བརྟན་བཞུགས་ཕུལ་ཐོག་ལས་ བརྩི་སྲུང་ཞུ་ཡོདཔ་ད་ འབྲུག་པའི་སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ལས་རིམ་ཚུ་ཡང་ སྤྱན་འབུལ་ཞུ་ཡོདཔ་མ་ཚད་ འབྲུག་གི་རྒྱལ་བཙུན་མཆོག་གི་ དྲིལ་བུ་མེ་ཏོག་གི་ སོན་ཚུ་ཡང་ དེ་ཁར་འཛོམས་མི་ སྐུ་མགྲོན་དང་ མི་མང་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ད་རུང་ འབྲུག་གི་ཉིནམ་བརྩི་སྲུང་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ སོ་ནམ་དང་ མཐའ་འཁོར་གནས་སྟངས་ཀྱི་སྐོར་ལས་ བསམ་བཤད་གྲོས་བསྡུར་ཁག་གཉིས་ འགོ་འདྲེན་འཐབ་ཡོདཔ་ད་ གནད་དོན་གཞན་ཡང་ ཚོང་འབྲེལ་གྱི་མཐུན་ལམ་རྒྱ་བསྐྱེད་གཏང་ནི་དང་ ཚོང་འབྲེལ་གྱི་ འོས་འབབ་གསརཔ་ ངོས་འཛིན་འབད་ཐབས་ལུ་ གྲོས་བསྡུར་འབད་བའི་ཁར་ ཨ་ལུ་ཚུ་གི་དོན་ལུ་ དགའ་སྐྱིད་ཀྱི་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ནུག།
སྤྱི་ལོ་༢༠༡༢ ཟླཝ་༤ པའི་ཚེས་༥ ལས་འགོ་བཙུགས་ སྤྱི་ཟླ་༡༠ པའི་ཚེས་༦ ཚུན་ འགོ་འདྲེན་འཐབ་མི་ འཛམ་གླིང་ལྡུམ་ར་རིག་པའི་ འགྲེམ་སྟོན་ཐེངས་༦ པའི་ནང་ བཅའ་མར་གཏོགས་མི་ རྒྱལ་ཁབ་༤༢ ཀྱི་གྲས་ལས་༡ འབྲུག་རྒྱལ་ཁབ་འདི་ཨིནམ་ད་ འགྲེམ་སྟོན་དེ་ ནི་དར་ལེནསི་ལུ་ ལོ་ངོ་བཅུ་ཕྲག་རེ་གི་བར་ན་ ཚར་རེ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལྡུམ་ར་རིག་པའི་ འགྲེམ་སྟོན་དེ་ནང་ ཉིན་བསྟར་བཞིན་དུ་ མི་༡༠,༠༠༠ དེ་རེ་ འོང་དོ་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ གཙོ་བོ་ར་ ནེ་དར་ལེནསི་དང་ ཇར་མ་ནི་ བེལ་ཇི་ཡམ་ཚུ་ལས་ མི་ས་ཡ་༢ ལྷགཔ་ཅིག་ ལྷོད་ཡོདཔ་ཨིན་པས།
འབྲུག་གིས་ དགའ་སྐྱིད་ལྡན་པའི་ཁྱིམ་ཟེར་ མིང་བཏགས་ཡོད་མི་ འགྲེམ་སྟོན་དེ་ནང་ འབྲུག་གི་ལག་བཟོ་དང་ མ་ཎི་ལག་འཁོར་ དེ་ལས་དར་ཚུ་ འབྲུག་གི་ཆ་རོགས་ཚུ་གིས་ གསལ་སྟོན་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment