གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཁྲོམ་སྡེ་༣ ནང་ འཆོལ་ནད་བཀག་ཐབས་ གཙོ་བོར་བཏོན་ནི།

༢༨/༩/༢༠༡༢   ད་རིས་ འབྲུག་གིས་  འཛམ་གླིང་འཆོལ་ནད་ཀྱི་ ཉིནམ་བརྩི་སྲུང་འབད་ནི་ཨིན་པས།

༉ ད་རིས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ འཛམ་གླིང་འཆོལ་ནད་ཀྱི་ ཉིནམ་བརྩི་སྲུང་འབད་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ར་ འཆོལ་ནད་དེ་ མང་ཤོས་ར་ འབྲུག་གི་ས་མཚམས་བདའ་སྟེ་ ཐོན་མི་ལུ་བརྟེན་ཨིན་པས།


ལགཔ་མཐུད་དེ་ འཆོལ་ནད་མེདཔ་བཟོ་གེ་ཟེར་བའི་ བརྗོད་དོན་ཐོག་ བརྩི་སྲུང་འབད་ནི་ཨིན་མི་ རྒྱལ་སྤྱི་འཆོལ་ནད་ཉིནམ་དེ་ སྤྱི་ལོ་༢༠༠༧ ཟླཝ་༩ པའི་ཚེས་༨ ལུ་ འགོ་དང་པ་ ལས་རིམ་འགོ་འདྲེན་འཐབ་མི་དེ་ཡང་ འཛམ་གླིང་ནང་ སེམས་ཅན་གྱི་ འཆོལ་ནད་བཀག་འཛིན་འབད་ཐབས་དང་ མི་ལུ་ འཆོལ་ནད་འབུ་ནི་ལས་ བཀག་ཐབས་ལུ་ གོ་བརྡའི་ཤེས་ཡོན་ཁྱབ་སྤེལ་དང་ དགོས་མཁོའི་མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ འཚོལ་ཐབས་ལུ་ཨིན་པས།
འབྲུག་ལུ་ འཆོལ་ནད་དེ་ མང་ཤོས་ར་ རྒྱ་གར་གྱི་ ས་མཚམས་ས་ཁོངས་ཚུ་ནང་ལས་སྦེ་ འབྲུག་གི་ས་ཁོངས་ནང་ ལྷག་པར་དུ་ ལྷོ་མཚམས་ཀྱི་ ས་གནས་ཚུ་ནང་ ཁྱབ་སྤེལ་ཆེ་དྲགས་ཡོད་པའི་ སྙན་ཞུ་ཡོདཔ་མ་ཚད་ འཆོལ་ནད་ལུ་བརྟེན་ མི་དང་སེམས་ཅན་ལུ་ ཤི་རྐྱེན་ལེ་ཤ་ར་བྱུང་ཡོད་པའི་ སྙན་ཞུ་ཚུ་ཡོདཔ་ཨིན་པས།
སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ བརྡ་དོན་ཐོ་བཀོད་སྙན་ཞུ་ཅིག་དང་འཁྲིལཝ་ད་ སྤྱི་ལོ་༡༩༩༦ ལས་ སྤྱི་ལོ་༢༠༡༢ ཚུན་ཚོད་ འཆོལ་ནད་ལུ་བརྟེན་ སྒོ་ནོར་༨༡༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
རོ་ཁྱི་གིས་ མི་ལུ་ སོ་བཏབ་པའི་ གྱངས་ཁ་དེ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ རོ་ཁྱི་གིས་ སོ་བཏབ་མི་ལས་ འཆོལ་ནད་ཐོབ་པའི་ སྙན་ཞུ་དེ་ ས་མཚམས་ཀྱི་ ས་ཁོངས་ཚུ་ནང་ མངམ་ཐོན་དོ་ཡོདཔ་ད་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༦ ལས་༢༠༡༡ ཚུན་ འཆོལ་ནད་ལུ་བརྟེན་ མི་གྲངས་༡༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བ་ལས་ ཌོག་ཊར་ཀུན་བཟང་གིས་ སླབ་མིའི་ནང་ རོ་ཁྱི་གིས་ སོ་བཏབ་པའི་སྙན་ཞུ་ མང་ཤོས་ར་ ན་གཞོན་སྐྱེས་ལོ་༡༥ མན་ཆད་འབད་མི་ཚུ་གི་སྐོར་ ལྷོད་ནུག་ཟེར་ཨིནམ་ད་ འཆོལ་ནད་དང་འབྲེལ་བའི་ ཉེན་སྲུང་གི་ གོ་བརྡའི་ཤེས་ཡོན་ལས་རིམ་དེ་ཡང་ སློབ་ཕྲུག་ཚུ་ལུ་ གཙོ་རིམ་བཟུང་ཐོག་ལས་ སློབ་གྲྭ་ཁག་ཚུ་ནང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་མཚམས་བདའ་སྟེ་ འཆོལ་ནད་བཀག་ཐབས་ལུ་ གཙོ་བོར་མ་བཏོན་པ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་ནང་འཁོད་ཚུ་ནང་ ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རོ་ཁྱི་ཚུ་ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་ནི་དང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་ཀྱི་དོན་ལུ་ ཤ་བཏོག་ནི་དེ་ཨིནམ་ལས་ ས་གནས་ཀྱི་ མི་སེར་ཚུ་གིས་ ལས་རིམ་མཐར་འཁྱོལ་འབྱུང་ནིའི་དོན་ལུ་ རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ད་རིས་ ས་མཚམས་བདའ་སྟེ་ འཆོལ་ནད་འཐོབ་ཉེན་ཡོད་པའི་ རྒེད་འོག་༢༧ དང་ སློབ་གྲྭ་༩ དེ་ལས་ ཁྲོམ་སྡེ་༣ དེ་ཅིག་ནང་ འཆོལ་ནད་བཀག་ཐབས་ཀྱི་ གོ་བརྡའི་ཤེས་ཡོན་དང་ སྨན་ཁབ་བཙུགས་ནི་ ཤ་བཏོག་ནི་གི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ད་རུང་ བསམ་རྩེ་དང་ ཆུ་ཁ་ དར་དཀར་ནང་ གསར་སྤང་ པདྨ་དགའ་ཚལ་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་རྫོང་ཁག་ཚུ་ནང་ཡང་ ད་རིས་ ཉིནམ་ཕྱེད་ཀྱི་རིང་ མི་མང་ལུ་ འཆོལ་ནད་དང་འབྲེལ་བའི་ གོ་བརྡའི་ཤེས་ཡོན་ཁྱབ་སྤེལ་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment