གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕོ་བའི་ལུང་གནང་སར་ལུ་ དད་ཅན་མི་སེར་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ རྒྱལ་ཁབ་ནང་གི་ དད་ཅན་སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཚེ་འདི་ཕྱི་གཉིས་ཀར་ཕན་པའི་ བསྙེན་རྒྱུད་ཀྱི་ འཕོ་བའི་ལུང་དང་ ཁྲི་གནང་ཡི།
རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ ལུང་གནང་པའི་བསྒང་།
འཕོ་བའི་ལུང་ཞུ་མི་ དད་ཅན་ཚུ།


འཕོ་བའི་ལུང་དེ་ཡང་ དབང་འདུས་ཕོ་བྲང་རྫོང་ཁག་ ཝང་ཇོ་ཁ་ལས་ མཁན་པོ་ཀུན་ལེགས་ཕུན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མཁན་པོ་ཀུན་ལེགས་ཕུན་ཚོགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་གཙོ་བོ་ར་ མི་མང་ཡོངས་ཀྱིས་ གསོལཝ་བཏབ་པའི་ ངོ་བོ་ལུ་དང་ སྤྱིར་སེམས་ཅན་ཐམས་ཅད་ ངན་སོང་༣ གྱི་ སྡུག་བསྔལ་ལས་འགྲོལ་ཏེ་ ཐར་པ་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མི་སེར་ཚུ་གིས་ འཕོ་བའི་ལུང་ཞུ་དགོ་མནོ་རུང་ རྩ་བའི་བླམ་ཚུ་དང་ མཇལ་ནིའི་གོ་སྐབས་ འཐོབ་མ་ཚུགསཔ་མ་ཚད་ ཧེ་མ་ལས་ བརྒྱུད་དེ་ འཕོ་བའི་ལུང་གནང་མི་ བླམ་ཚུ་ཡང་ དཀོན་དྲགས་ཡོདཔ་ཨིནམ་པས།
 ཨིན་རུང་ གྲུབ་དབང་ཤཱཀྱ་ཤྲཱི་གི་ སློབ་མ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་ལུ་ གསོལཝ་བཏབ་བཞིན་དུ་ མི་མང་ལུ་ གསང་སྔགས་ཟབ་མོའི་གདམས་ངག་ འཕོ་བའི་ལུང་་གནང་དོ་ཟེར་ཨིན་པས།
བདེ་ཆེན་ཕོ་བྲང་སློབ་གྲྭའི་ དབུ་འཛིན་དཀོན་མཆོག་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ བསྙེན་བརྒྱུད་གསང་བའི་མཐར་ཐུག་གི་ འཕོ་བ་དང་ སངས་རྒྱས་འོད་དཔག་མེད་ཀྱི་ འཕོ་བ་གཉིས་ཡོད་མི་ལས་ ད་རེས་ མི་མང་ལུ་ ལུང་དང་ཁྲི་གནང་མི་དེ་ བསྙེན་བརྒྱུད་གསང་པའི་ ལམ་ཟབ་འཕོ་བའི་གདམས་པ་ སྙིང་གི་ཐིག་ལེ་ཟེར་མི་འདི་ ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ འཕོ་བའི་ལུང་ སྦྱང་བའི་སྐབས་ དང་པ་ར་ སྐྱབས་འགྲོ་སེམས་བསྐྱེད་ནི་ ལམ་ཟབ་མོ་འཕོ་བའི་ རྣལ་འབྱོར་བསྒོམ་པའི་སྐབས་ མདུན་གྱི་ནམ་མཁའ་ རང་གི་ རྩ་བའི་བླ་མ་ སྐྱབས་གསུམ་ཀུན་འདུས་ཀྱི་ ངོ་བོར་བཞུགས་པའི་སྤྱན་སྔར་ རང་གཞན་སེམས་ཅན་ག་ར་ བྱང་ཆུབ་ཀྱི་ གོ་འཕང་འཐོབ་བཅུག་ཟེར་ བསྒོམ་དགོཔ་ཨིན་ཟེར་ཨིན་པས།
རང་གི་ རྩ་བའི་བླམ་ འཕོ་བའི་ལུང་དང་ཁྲིད་གནང་མི་དེ་ ངོ་བོ་རྡོ་རྗེ་འཆང་གི་ཚུལ་ལུ་ གསལ་བཏབ་བཞིནམ་ལས་ བསྒོམ་མི་རང་འདིནི་ རྡོ་རྗེ་ཕག་མོ་བསྒོམ་ཏེ་ རང་གི་སྙིང་ག་ལས་ ཐིག་ལེ་དེ་ རང་གི་ སྤྱི་གཙུག་ལས་ཡར་བཏོན་བཏང་སྟེ་ རྩ་བའི་བླ་མའི་ རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་ ཐུགས་ཀའི་ཧཱུཾ་ཡིག་མཐིང་ག་དེ་ ཡེ་ཤེས་ལྔའི་འོད་ཟེར་འབར་བ་ལུ་ གསལ་ཐེབས་པ་དང་ལྷན་གཅིག་ཏུ་ ཧྲཱིཀ་ཟེར་ སྦྱྲང་དགོཔ་ཨིན་པས།
མཁན་པོ་ཀུན་ལེགས་ཕུན་ཚོགས་ཀྱིས་ སླབ་དོ་འབད་བ་ཅིན་ འཕོ་བ་སྦྱང་པའི་སྐབས་ མི་ཡ་རབས་དང་ མི་གཞི་བཟང་པོ་ གང་ཟག་རབ་ཀྱིས་ ཧིཀ་༢༡ དང་ མི་འབྲིང་གིས་ ཐུན་གཅིག་ དེ་ལས་ ཐ་མ་གིས་ ཉིན་ཞག་༡ ལས་ལྷག་པའི་སྐབས་ རྟགས་འཐོན་ནི་ ཡོད་ཟེར་ཨིན་པས།
དེ་གི་རྟགས་མཚན་དེ་ཡང་ རང་གི་སྤྱི་བོར་འབུར་བ་དང་ ཁྲག་དང་ ཆུ་སེར་འབྱུང་བ་ འཇག་མ་དལ་གྱིས་ ཟུག་པ་སོགས་ ངེས་པར་དུ་འབྱུང་བའི་ཤུལ་ལུ་ འཕོ་བ་སྦྱང་མ་དགོཔ་ཨིན་རུང་ འཕོ་བ་སྦྱང་པའི་རྟགས་མ་འཐོན་ཚུན་ རང་གི་ཁྱིམ་ནང་དང་ ས་གནས་ ག་ཏེ་འབད་རུང་ སྦྱང་བ་ཚུ་འབད་དགོ་ཟེར་ཨིན་པས།
འཕོ་བའི་ལུང་དང་ཁྲིད་འཐོབ་ཡོདཔ་བཞིན་དུ་ རྟགས་དང་མཚན་མ་ཡང་ཐོན་ཡོད་པ་ཅིན་ རང་ལུ་ ནད་གཞི་འཐོབ་སྟེ་ སྨན་བཅོས་དང་ རིམ་གྲོ་གིས་ དྲག་མ་ཚུགས་པ་ཅིན་ རང་གི་རྩ་བའི་བླམ་བསྒོམ་སྟེ་ སངས་རྒྱས་ཀྱི་ཞིང་ཁམས་ལུ་ སྐྱེས་ནི་ཟེར་ བསྒོམ་ཐོག་ལས་ འཕོ་བ་སྦྱང་དགོཔ་ཨིན་པས།
དེ་འབདཝ་ལས་ བསྙེན་བརྒྱུད་གསང་བའི་ལམ་ཟབ་ འཕོ་བའི་གདམས་པ་སྙིང་གི་ཐིག་ལེ་ བསྒོམ་ཏེ་ སངས་རྒྱས་ནི་དེ་ མྱུར་ལམ་ཁྱད་པར་ཅན་ཅིག་ཨིནམ་ལས་ གཞན་མི་ བཛྲ་གུ་རུ་དང་ མ་ནེ་དུང་སྒྲུབ་བསག་ནི་དང་ མཚམས་བཅད་ནི་ དེ་ལས་ ཆོས་འགོར་བཞུགས་ཏེ་ དཀའཝ་སྤྱད་མ་དགོ་པར་ དེ་འཕྲོ་ལས་ སངས་རྒྱས་ཚུགས་པའི་ ཕན་པ་ཡོདཔ་ཨིན་པས།
བསྙེན་བརྒྱུད་གསང་བའི་མཐར་ཐུག་ ལམ་ཟམ་འཕོ་བའི་གདམས་པ་ སྙིང་གི་ཐིག་ལེ་ཟེར་མི་དེ་ ལོ་༩༠ གི་ཧེ་མར་ གྲུབ་དབང་ཤཱཀྱ་ཤྲཱི་གིས་ ཐུགས་གཉིད་ལམ་ནང་ལུ་ ལོ་༡༠༠༠ ལྷག་སོང་མི་ རྗེ་བཙུན་མི་ལ་ རས་པ་ལས་ འཕོ་བའི་ལུང་ཐོབ་ཡོདཔ་བཞིན་དུ་ བླམ་གྲུབ་དབང་ཤཱཀྱ་ཤྲཱི་གིས་ བརྩམས་ཏེ་ འཕོ་བའི་ལུང་ཚུ་གནང་ཡོདཔ་ཨིན་པས།
ཁ་ཙ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་ལས་ འཕོ་བའི་ལུང་ཞུ་བར་འོང་མི་ དད་ཅན་༡༠༠༠ ལྷགཔ་ཅིག་འཛོམས་ཡོདཔ་བཞིན་དུ་ ད་རིས་ འཕོ་བའི་ལུང་དང་ཁྲི་ཞུ་མི་ དད་ཅན་༡༠༠༠ ལས་བཅད་དེ་འོང་བའི་རེ་བ་ཡོདཔ་མ་ཚད་ རྡོ་རྗེ་སློབ་དཔོན་མཆོག་གིས་ དལ་འབྱོར་རྙེད་ཀ་དང་ ལས་རྒྱུ་འབྲས་ འཆི་མི་རྟག་པ་ འཁོར་བའི་ཉེས་དམིགས་ དེ་ལས་ བར་དོ་ཐོས་གྲོལ་གྱི་ ལུང་དང་ཁྲིད་ཚུ་གནང་ནི་ཨིན་པས།
འཕོ་བའི་ལུང་དང་ཁྲིད་དེ་ ནངས་པ་ ཚེ་དཔག་མེད་ཀྱི་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་ གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment