གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ས་ཆའི་ ཉོགས་བཤད་ཚུ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་མེདཔ།

༢༢/༩/༢༠༡༢   ༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་དེ་ ཁྲིམས་གཏུགས་འབད་ནི་གི་ ཁྲིམས་ཀྱི་གཞི་ཁུངས་མིན་འདུག་ཟེར་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ བསམ་བཀོད་སྙན་ཞུ་ཅིག་ བཏོན་པའི་ཤུལ་ལུ་ མི་མང་གིས་ བསམ་ལན་སྣ་ཚོགས་བཀོདཔ་ཨིན་པས།


དེ་ཡང་ མི་ལེ་ཅིག་གིས་ སླབ་མིའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་དེ་ གཞུང་གི་ཁྲིམས་དོན་གྲོས་དཔོན་དང་ ཁྲིམས་དོན་གྱི་ སྐུ་ཚབ་ཨིནམ་མ་ཚད་ བློན་ཆེན་གྱི་ འདེམས་ངོ་ཅིག་ཡང་ཨིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུའི་ གནད་དོན་རེ་རེ་བཞིན་དུ་ལུ་ གདོང་ལེན་འབད་ཐོག་ལས་ གཞུང་ལུ་ རྒྱབ་སྲུང་འབད་ནུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་རེས་ འདི་བཟུམ་མའི་ རྩོད་དོན་ཐོན་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་ནང་ རྩོད་དཔོན་ཡོངས་ཁྱབ་དེ་ གཞུང་གི་ཁྲིམས་དོན་གྲོས་དཔོན་སྦེ་ ཚུད་ནི་དེ་གིས་ ཁེ་ཕན་ལྟག་སྤྲོད་ཡོད་མི་ལུ་བརྟེན་ཨིནམ་ད་ ཁེ་ཕན་རྟག་སྤྲོད་ཡོད་མི་དེ་ཡང་ རྩ་ཁྲིམས་ཀྱི་ དགོངས་དོན་ནང་ ནོར་བ་ཡོད་ནི་དེ་གིས་ཨིནམ་འོང་ནི་མས་ཟེར་ འཐུས་མི་ཅིག་གིས་འ སླབ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བསམ་བཀོད་དང་འཁྲིལ་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ ཐོབ་ཞིནམ་ལས་ཚུར་ རྩོད་དོན་ནང་ འབྲེལ་གནད་རྩ་ལས་མེད་མི་ ཁྲིམས་རྩོདཔ་༥ འབད་མི་ སྡེ་ཚན་ཅིག་གིས་ བདུན་ཕྲག་༢ ལྷགཔ་ཅིག་གི་རིང་ བསྐྱར་ཞིབ་འབད་བའི་ཤུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ དབང་ཚད་ལོག་སྤྱོད་དང་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ཀྱི་ འོས་འབབ་ཡོད་ལུགས་བཀོད་མི་ཚུ་ལུ་ ཁྲིམས་ཀྱི་གཞི་ཁུངས་མིན་འདུག་ཟེར་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༡༩༩༩-༢༠༠༢ ལུ་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ཁྲི་འཛིན་ ད་ལྟོའི་རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ མོང་སྒར་རྫོང་བདག་སྦེ་བཞུགསཔ་ད་ ས་ཆ་བགོ་བཀྲམ་ནང་ ཡིག་ཆ་རྫུས་བཟོ་དང་ མགུ་སྐོར་ལག་ལེན་གྱི་ ཉེས་འཛུགས་འབད་མི་དེ་ལུ་ ཁྲིམས་ཀྱི་ངོས་ལེན་འབད་ནི་ལུ་ ཁྲིམས་ཀྱི་དགོངས་དོན་ཚུ་དང་ མི་མཐུན་པས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བསམ་བཀོད་ནང་བཀོད་ནུག།
དེ་ལས་ གཞུང་ས་བཙོང་མིའི་སྐོར་ལས་ ཚོགས་དཔོན་ལུ་ ཉེས་འཛུགས་འབད་མིའི་ཐད་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ གཞུང་གིས་ ཚོགས་ཆུང་ལུ་ དབང་ཚད་གནང་མི་དང་འཁྲིལ་ དབང་ཚད་བསྟར་སྤྱོད་འབད་ནུག་ཟེར་ཨིན་པས།
ད་རུང་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་འཛུགས་འབད་མི་ལུ་ཡང་ ཁྲིམས་ཀྱི་དགོངས་དོན་དང་འཁྲིལ་མེདཔ་ལས་ ཉེས་འཛུགས་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་སྦེ་བཞུགསཔ་ད་ ཚོངས་ཆུང་གི་ཁྲི་འཛིན་ཨིན་མི་ ད་ལྟོའི་ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ ཀུན་སྤྱོད་རྣམ་གཞག་ལོག་སྤྱོད་ཀྱི་ ཉེས་པ་འཁྲི་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུའི་ནང་ གསལ་བཀོད་འབད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ རང་དོན་ལུ་དམིགས་ཏེ་ ཉེས་ལས་འཐབ་པའི་ ར་ཁུངས་བཀལ་ནི་མེདཔ་ལས་ ཉེས་བཤེར་འབད་ནི་གི་ འོས་འབབ་ མིན་འདུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲོམ་ས་དང་ཁྱིམ་ས་ཐོབ་མི་༩༩ ལས་༦༧ ཚུལ་མིན་ཐོག་ལས་ བགོ་སྤྲོད་འབད་ནུག་ཟེར་ སྙན་ཞུའི་ནང་ བཀོད་མིའི་ཐད་ལུ་ ཁྲིམས་མཐུན་ཐོག་ལས་ གཞི་བཙུགས་འབད་མི་ གཞུང་གི་ཁྲིམས་དོན་དབང་འཛིན་གྱིས་ བགོ་སྤྲོད་འབད་ཡོདཔ་ལས་ ས་ཆ་ལེན་མི་ཚུ་ལུ་ ཉེས་པ་འཁྲི་དགོཔ་ ག་ནི་ཡང་མིན་འདུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་འཆར་བཀོད་ནུག།
ཁེ་ཕན་ཐོབ་མི་ཚུ་གིས་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ ངོས་ལེན་འབད་དེ་ ས་རིན་ཚུ་ཡང་ གསལ་བཀོད་འབད་མི་ གོང་ཚད་དང་འཁྲིལ་སྤྲོད་དེ་ ཉོ་ནུག་ཟེར་ཨིན་པས།
མ་གཞི་ ས་ཆ་བགོ་སྤྲོད་ཚོགས་ཆུང་གིས་ སའི་ཞུ་ཡིག་ཚུ་ ངོས་ལེན་འབད་དེ་ ཁྱད་ཚད་མ་ཚང་མི་ཚུ་ལུ་ཡང་ ས་ཆ་བགོ་སྤྲོད་འབད་ཡོད་རུང་ ཁྲིམས་ཀྱི་དགོངས་དོན་ག་ཅི་ནང་ལས་ཡང་ འགལ་འགལཝ་མེདཔ་བཟུམ་མཐོངམ་མས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱི་ བསམ་བཤད་ནང་བཀོད་ནུག།
དེ་འབདཝ་ལས་ ས་ཚན་༦༧ དེ་ གཞུང་ལུ་ སོར་ཆུད་འབད་ནི་དང་ ཡང་ཅིན་ ས་ཆ་ཉོ་མི་ཚུ་ལུ་ ཉེས་བྱ་བཀལ་དགོ་པའི་ ཁྲིམས་ཀྱི་གཞི་གནད་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་བཀོད་ནུག།
ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀོད་དོ་བཟུམ་ གཞུང་གིས་ འོས་འབབ་དང་འཁྲིལ་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་དང་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ ལག་ལེན་ལུ་ བདག་སྐྱོང་དང་འབྲེལ་བའི་ ཁྲིམས་ཀྱི་ངོས་ལེན་འབད་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གྲོས་འདེབས་ཕུལ་ནུག།
ཁྲིམས་དོན་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ རྩོད་དོན་དེ་ ཁྲིམས་གཏུགས་འབད་ནི་གི་ འོས་འབབ་མེད་རུང་ ཁྲོམ་ས་ཚུ་ ཚུལ་མཐུན་སྦེ་ བགོ་སྤྲོད་མ་འབདཝ་ལས་ དེ་ཚུ་ གཞུང་ལུ་ ལོག་ཕུལ་དགོ་ཟེར་ཨིན་པས།
ད་ལྟོ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བསམ་བཀོད་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ གལ་སྲིད་ ཁྲིམས་གཏུགས་འབད་ནི་གི་ འོས་འབབ་ཡོད་པ་ཅིན་ ལྷན་ཚོགས་ཀྱིས་ ཉེས་བཤེར་འབད་ནི་གི་ དབང་ཚད་ ཡོདཔ་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment