གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟིག་གིས་ གནོད་སྐྱོན་རྐྱབ་མི་ཕོ་སྐྱེས་ཅིག་ སྨན་ཁང་ནང་ལས་ ལོག་བཏང་ཡོདཔ།

༢༤/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ ཁྱིམ་ཅིག་ནང་ གཟིག་ཐོན་ཏེ་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་གི་ མགུ་ཏོ་གུ་ རྨ་སྐྱོན་དུམ་གྲ་ཅིག་ བཏོན་ཡོདཔ་ཨིན་པས།


ཕོ་སྐྱེས་དེ་ དེ་ཚེ་ཕྱི་རུ་ ཧ་སག་ཉལ་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ལུ་ ཧང་སྟོང་མར་ གཟིག་དེ་གིས་ ཐབ་ཚང་ནང་འཛུལ་ཡོདཔ་ད་ དེ་བསྒང་ ཁོ་གི་ ཨ་ལུ་༢ དང་ ཨམ་སྲུ་དེ་ ཐབ་ཚང་ནང་ཡོདཔ་ལས་ གཟིག་འོང་སར་ ཨམ་སྲུ་གིས་ མཐོང་ཡོདཔ་ཨིན་པས།
ཉམས་རྒུད་བྱུང་མི་ སྐྱེས་ལོ་༤༥ ལང་མི་ སངས་རྒྱས་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ར་ གཉིད་ཚབས་འཚུབ་སྦེ་ སྡོད་པའི་སྐབས་ལུ་ ཨམ་སྲུ་གིས་ སྐད་རྐྱབ་སར་ གོ་བའི་བར་ན་ སེམས་ཅན་གནགཔོ་ཅིག་གིས་ ཁོ་གུ་ འཆོངས་འོང་ཡི་ཟེར་ཨིན་པས།
ཁོ་ར་ འདྲོག་པའི་ཤུགས་ཀྱིས་ ནང་དོག་པའི་ལགཔ་ཁར་ སྟྭ་རེ་ཅིག་ ཚུདཔ་ཡོདཔ་ལས་ གཟིག་གུ་ སྟྭ་རེ་ཚར་༣ དེ་ཅིག་བླུགས་བྱིན་ཡི་ཟེར་ཨིན་པས།
དེ་ཅིག་བར་ན་ ཨམ་སྲུ་དང་ ཁོང་གིས་ སྐད་རྐྱབ་ད་ ཁྱིམ་ཚང་ཚུ་གིས་ཤེས་ཏེ་ ཆ་རོགས་འབད་བར་འོང་ཡི་ཟེར་ཨིནམ་ད་ མི་ལུ་གནོད་པ་སྦོམ་ཅིག་ བཀལ་མ་ཚུགསཔ་ལས་ ཁ་རྗེ་བཟང་ཡི་ཟེར་ ཨིན་པས།
སངས་རྒྱས་ཚེ་རིང་གི་ མགུ་ཏོ་གུ་ སེན་མོ་གིས་ དུམ་གྲ་ཅིག་ བཞར་ཡོདཔ་ལས་ དེ་འཕྲོ་ལས་ གྲོང་གཡུས་སྨན་པ་གིས་ སྨན་བཅོས་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་པོའི་ཞིང་སྨན་ཁང་ནང་ འོང་ཡོདཔ་ད་ རྨ་སྐྱོན་བཏོན་མི་དེ་ ཚབས་ཆེན་ཅིག་མེནམ་ལས་ ཉིནམ་དེ་ལུ་ར་ ལོག་བཏང་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་སྨན་ཁང་གི་ གསོ་བའི་ལས་རོགཔ་ཚུ་གིས་ སླབ་མིའི་ནང་ གཟིག་གིས་ གནོད་སྐྱོན་སྦོམ་མ་རྐྱབ་ལས་བརྟེན་ སྨན་ཁབ་རྐྱབ་ཐོག་ལས་ ལོག་བཏང་ཡི་ཟེར་ཨིན་པས།
རེ་ས་གཡུས་ཚན་དེ་ རྒྱལ་པོའི་ཞིང་ཁྲོམ་ཁ་ལས་ ཉིན་ལམ་༡ གི་ས་ཁར་ཨིནམ་ད་ རེ་ས་གཡུས་ཚན་གྱི་ མི་ཚུ་གིས་སླབ་མིའི་ནང་ ད་ལྟོ་ཚུན་ ནོར་སེམས་ཅན་ཚུ་ལུ་ དུམ་གྲ་རེ་ གནོདཔ་བཀལ་ཡོདཔ་ཨིན་རུང་ མི་ལུ་གནོད་པ་བཀལ་མི་དེ་ དུས་ཅི་ འགོ་དང་པ་ཨིན་ཟེར་ཨིན་པས།
དུས་ཅི་ལས་ ས་གླིང་རྒེད་འོག་ནང་ གཟིག་ཚུ་གིས་ གནོད་པ་བཀལ་ནི་དེ་ མང་སུ་ཐོན་དོ་ཡོདཔ་ལས་ ད་རུང་ དེ་བཟུམ་གྱི་ གནོད་པ་མི་འབྱུང་ག་ཟེར་ གཡུས་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཟླཝ་དག་པ་ཅིག་གི་ ཧེ་མ་ཡང་ ཀ་ལ་སྤང་གཡུས་ཚན་ནང་ ནོར་དང་ བྱམོ་ལེ་ཤ་ཅིག་ལུ་ གནོདཔ་བཀལ་མི་གཟིག་དེ་ ད་ལྟོའི་བར་ན་ཡང་ བཟུང་མ་ཚུགས་པར་ཡོདཔ་ད་ གཡུས་མི་ཚུ་གིས་འབད་བ་ཅིན་ རེ་ས་ལུ་ གནོད་པ་བཀལ་མི་གཟིག་དེ་ ཀ་ལ་སྤང་གཡུས་ཚན་ནང་ གནོདཔ་བཀལ་མི་མེན་པར་ སོ་སོ་ཅིག་ ཨིནམ་འོང་ནི་མས་ཟེར་ སླབ་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment