![]() |
ཀུན་ལེགས་ཚེ་རིང་དང་ ཀུན་ལེགས་རྡོ་ཕུག་གིས་ རྡོ་ལུང་པའི་ རཀྴ་གླང་མགོ་ བཟུང་པའི་བསྒང་། |
རྡོ་ལུང་པའི་ རཀྴ་མགོ་འཆམ་ཟེར་མི་དེ་ གར་འཆམ་ཚུ་གི་གྲས་ལས་ བྱིན་ཅན་ཅིག་སྦེ་ བརྩི་མི་དེ་ཡང་ སྐུ་འཆམ་དེ་ དུས་རབས་༡༦ པའི་ནང་ རྗེ་མཁན་ཁྲི་རབས་༢ པ་ མཁན་ཆེན་བསོད་ནམས་འོད་ཟེར་གྱིས་ གཏེར་ལས་བཞེས་པའི་འཆམ་དང་ རཀྴ་གླང་མགོ་ཁོ་ར་ ཕུད་རྡོག་གཅིག་ལས་བརྒལ་ ཐོན་ནི་མེད་ནི་དེ་གིས་ཨིན་པས།
འཆམ་རྐྱབ་པའི་སྐབས་ གླང་ལམ་འགྱོ་མི་དང་ མཆོང་བའི་ཚུལ་བཏོན་ཏེ་ དབང་འདུས་ཟམ་པའི་ཁ་ཐུག་ལུ་ཤུགས་སྦེ་ བྱོག་འགྱོ་ནི་གི་ དཔའ་བཅམ་ད་ ལམ་ཁར་ ཕོ་སྐྱེས་༢ ཀྱིས་བཟུང་སྟེ་ མི་བཏང་དོ་ཡོདཔ་ད་ དེ་བཟུམ་མའི་ ལན་ཐེངས་༣ རྒྱུག་པའི་སྐབས་ ཚར་༣ ཆ་རའི་ནང་ གླང་མགོ་དེ་ ཁོང་༢ ཀྱིས་ བཟུང་ཚུགས་ནི་དེ་གིས་ རྟེན་འབྲེལ་ལེགས་པའི་ བརྡ་མཚོན་ཅིག་སྦེ་ ཆ་བཞགཔ་ཨིན་པས།
མ་གཞི་ ལོ་བསྟར་ཚེས་བཅུའི་སྐབས་ གླང་མགོའི་རྟགས་བཟང་ངན་དེ་ སྒོ་ར་སྒོ་ལས་ཐོན་ཏེ་ ལྷ་དར་ཤིང་གི་རྩ་བར་ མ་ལྷོདཔ་ལས་ བཟུང་ཚུགས་པ་ཅིན་ རྟེན་འབྲེལ་ལེགས་པའི་ཚུལ་ཨིན་རུང་ དབང་འདུས་རྫོང་མེ་མཆོད་བཞེས་མི་ལུ་བརྟེན་ དུས་ཅི་ ཚེས་བཅུ་དེ་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ཐང་ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ གླང་མགོའི་རྟགས་མཚན་བལྟ་ནིའི་དོན་ལུ་ ཐང་ནང་ དཀར་རའི་མཚམས་ཐིག་ཅིག་ བྲིས་བཞག་མི་དེ་ གླང་མགོ་གིས་ ལན་ཐེངས་༣ རྒྱུག་མཆོང་རྐྱབ་སྟེ་ འོང་ཞིནམ་ལས་ མཚམས་ཐིག་བརྒལ་ནི་གི་ དཔའ་བཅམ་རུང་ བརྒལ་མ་ཚུགས།
གཡུས་མི་ རྒས་ཤོས་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ གླང་མགོ་དེ་ བཟུང་མི་༢ ཀྱི་ ལག་པ་ལས་ ཤོར་སོ་པ་ཅིན་ དབང་འདུས་ཟམ་འོག་ལུ་ཡོད་པའི་ མཚོ་སྨན་དང་ བགེགས་དང་ འབྱུང་པོ་ཚུ་གིས་ བར་ཆད་རྐྱབ་འོང་ཟེར་བའི་ སླབ་སྲོལ་ཡོདཔ་བཞིན་དུ་ དགའ་སེང་ལོགས་ལས་ སྐྱེས་ལོ་༦༠ ལང་མི་ ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ལོ་༡༩༩༢ ལུ་ གླང་མགོ་དེ་ སྒོ་ར་ཕྱི་ཁར་ ཤོར་མི་ལུ་བརྟེན་ རྫོང་ལུ་ཉམས་སྐྱོན་ཨ་ཙི་ཅིག་བྱུང་ཡི་ཟེར་ཨིན་པས།
ཆོས་ཀྱི་ཁ་ཐུག་ལས་འབད་རུང་ རྡོ་ལུང་པའི་ རཀྴ་མགོ་འཆམ་དེ་ ད་རེས་ཡོད་མི་ དབང་འདུས་ཟམ་རྐྱབ་པའི་སྐབས་ ཉིན་མ་ མི་ཚུ་གིས་ ལཱ་འབད་མི་དེ་ ནུབ་མོར་ མཚོ་སྨན་གྱིས་གཙོས་པའི་ བདུད་དང་འབྱུང་པོ་ཚུ་གིས་ བཤིག་བཏང་སྟེ་ བར་རྐྱེན་རྐྱབ་མི་ལུ་བརྟེན་ རཀྴ་མགོ་འཆམ་དེ་ རྡོ་ལུང་དགོན་པ་ལས་ཞུ་སྟེ་ དབང་འདུས་རྫོང་ནང་ རྐྱབ་ཞིནམ་ལས་ཚུར་ ཟམ་རྐྱབ་ཚུགས་ནུག་ཟེར་ རྡོ་ལུང་དགོན་པའི་ བླམ་རིན་ཆེན་མཁའ་འགྲོ་གིས་ སླབ་ཨིན་པས།
འཆམ་དེ་ རྗེ་མཁན་ཁྲི་རབས་༢ པ་གིས་ དབུ་འཛུགས་གནང་ཡོདཔ་མ་ཚད་ རཀྴ་གླང་མགོའི་འབགཔ་ཡང་ བླམ་ཁོ་ར་གི་ཕྱག་བཟོ་ཨིནམ་ལས་ གཞན་དང་མ་འདྲ་བའི་ བྱིན་ཅན་ཅིག་ཨིན་རུང་ ད་རེས་ནངས་པ་ རཀྴ་གླང་མགོའི་འབགཔ་དེ་ མགོན་ཁང་ནང་ ནང་རྟེན་སྦེ་ བཞག་ཡོདཔ་ལས་ འཆམ་གྱི་སྐབས་ འབགཔ་སོ་སོ་ཅིག་ ལག་ལེན་འཐབ་ཨིན་པས།
དེ་ལས་ཚུར་ འཆམ་གྱི་མིང་ཡང་ རྡོ་ལུང་རཀྴ་མགོ་འཆམ་ཟེར་ ཞུ་ཡོད་པའི་ཁར་ འཆམ་རྐྱབ་མི་ཡང་ ལོ་བསྟར་བཞིན་དུ་ རྡོ་ལུང་དགོན་པ་ལས་ འོང་དོ་ཡོདཔ་ཨིན་པས།
དགོན་པ་དེ་ དབང་འདུས་ཕོ་བྲང་རྫོང་ལས་ ཉིན་ལམ་གཅིག་ ལམ་འགྱོ་དགོ་པའི་ ས་ཁར་ཨིནམ་བཞིན་དུ་ དགོན་པ་དེ་ནང་ མཁན་ཆེན་བསོད་ནམས་འོད་ཟེར་གྱིས་ གདན་ས་ཕྱག་བཏབ་གནང་པའི་སྐབས་ རྨང་གཞི་བཙུགས་ནིའི་དོན་ལུ་ ཕྱག་གིས་ རྡོ་ཅིག་བཏོན་པའི་སྐབས་ རྡོ་གུ་ཕྱག་རྗེས་ལུས་ནི་དེ་གིས་ དགོན་པའི་མིང་རྡོ་ལུང་ཟེར་ བཏགས་གནང་ཡོདཔ་ཨིན་པས།
དགོན་པའི་བླམ་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ རྗེ་མཁན་ཆེན་བསོད་ནམས་འོད་ཟེར་དེ་ ཞབས་དྲུང་རིན་པོ་ཆེའི་ ཞལ་སློབ་དང་པ་ཨིནམ་མ་ཚད་ གྲུབ་ཐོབ་ཡང་ཨིནམ་ལས་ དབང་འདུས་རྫོང་གི་གནསཔོ་ སྒང་མཇུག་བཙན་དེ་ བླམ་གིས་ དམ་ལུ་བཏགས་ཏེ་ གནས་བདག་འབད་བཙུགས་གནང་ནུག་ཟེར་ཨིན་པས།
རྡོ་ལུང་པའི་ རཀྴ་མགོ་འཆམ་དེ་ མི་བརྒྱུད་ཅིག་གིས་ རྐྱབ་དགོ་ནི་དེ་གིས་ ན་ཧིང་ཚུན་ སྐྱེས་ལོ་༦༠ ལང་མི་ སྤེནམ་རྒྱས་ཀྱིས་ ལོ་༤༥ དེ་ཅིག་གི་རིང་ འཆམ་རྐྱབ་པའི་ཤུལ་ལས་ དུས་ཅི་ ཁོ་གི་བུ་ ཚེ་རིང་དཔལ་འབྱོར་གྱིས་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རཀྴ་གླང་མགོ་བཟུང་མི་ ཀུན་ལེགས་ཚེ་རིང་དང་ ཀུན་ལེགས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བུ་དེ་ ཨ་པ་བཟུམ་ཅིག་ ཤུགས་མེད་རུང་ དུས་ཅི་ ལོ་བསྟར་ཚེས་བཅུའི་སྐབས་ ཁོང་༢ ཀྱིས་ རཀྴ་གླང་མགོ་དེ་ ལེགས་ཤོམ་སྦེ་ བཟུང་ཚུགས་ནི་དེ་གིས་ དཔའ་ཉམས་བསྐྱེད་དགོཔ་ བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment