གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ མ་དངུལ་ཞལ་འདེབས་བསྡུ་ལེན་གྱི་ སྤྲོ་སྟོན་ལས་རིམ།

༢༢/༩/༢༠༡༢  ༉ སྤྱི་ཟླ་༩ པའི་ཚེས་༡༥ ལས་༣༠ ཚུན་ དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་ཀྱི་དོན་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ལུ་འབད་ མ་དངུལ་ཞལ་འདེབས་བསྡུ་ལེན་གྱི་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དབང་རྫོང་གསར་བཞེངས་ཀྱི་མ་དངུལ་བཟོ་དོན་ལུ་ གླུ་གཞས་འཁྲབ་པའི་བསྒང་།


དེ་གི་སྐབས་ལུ་ ལས་རིམ་ཁག་མ་འདྲཝ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ཐིམ་ཕུ་ནང་འཁོད་ཀྱི་ སློབ་ཕྲུག་བསྡོམས་༢,༠༠༠ དེ་ཅིག་གིས་ཡང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ ཤེས་རིག་འགོ་དཔོན་ལས་རོགསཔ་ ཨོ་རྒྱན་ཚེ་རིང་གིས་ བཤད་མིའི་ནང་ ཁོང་གི་ལས་རིམ་དེ་ལུ་བརྟེན་ཏེ་ཐོབ་མི་  མ་དངུལ་ཚུ་ ག་ར་རྫོང་གསར་བཞེངས་ཀྱི་དོན་ལུ་ ཕུལ་ནི་ཨིན་ཟེར་ཨིནམ་ད་ ད་ཚུན་ཁོང་གིས་ ལྟདམོ་བལྟ་བར་འོང་མི་ཚུ་ལུ་ འཛུལ་བཞུགས་ཀྱི་དོན་ལུ་ ཤོག་འཛིན་བཙོང་མི་ལས་ བརྒྱ་ཆ་༢༥ དེ་ཅིག་ཕུལ་ཡི་ཟེར་སླབ་ཅི།
ལས་རིམ་དེ་ནང་ སློབ་ཕྲུག་ལེ་ཤ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ ལྟདམོ་བལྟ་བར་འོང་མི་ཡང་ མང་ཤོས་ཅིག་ སློབ་ཕྲུག་ཚུ་གི་ཕམ་ཨིནམ་ད་ འཛུལ་བཞུགས་ཀྱི་དོན་ལུ་ མི་རེ་གིས་ དངུལ་ཀྲམ་༡༠༠ རེ་འབད་མི་ ཤོག་འཛིན་འཛུལ་འཐུས་ཚུ་ ཉོ་དགོཔ་ཨིན་ཟེར་ ཁོ་གིས་སླབ་ཅི།
ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ ལས་རིམ་དེ་ དུས་ཚོད་འ་ནེམ་ཅིག་ཁར་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ད་རེས་ནངས་པར་ སློབ་ཕྲུག་ཚུ་ ཐིམ་ཕུ་སྒྲུབ་ཆེན་དང་ ཚེས་བཅུའི་ངལ་གསོ་སྦེ་ སྡོད་མི་གིས་མ་ཚད་ ཞི་གཡོགཔ་ཚུ་གིས་ཡང་ ལྟདམོ་བལྟ་ནིའི་ དུས་ཚོད་ འཐོབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ལས་རིམ་ཚུ་ཡང་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༧ ལས་ འགོ་བཙུགས་མི་ ལས་རིམ་གྱི་སྐབས་ ནུབ་རེ་ལུ་ འོང་འབབ་དངུལ་ཀྲམ་༡༠,༠༠༠ མ་ལངམ་རེ་ ཐོབ་ཚུགས་པས་ཟེར་ཨིན་པས།
ད་ཚུན་ལུ་ འགྲན་བསྡུར་གྱི་ དབྱེ་ཁག་ལེ་ཤ་ཡོད་མི་ཚུ་གི་གྲས་ལས་ སྤྱིར་བཏང་ཞབས་ཁྲའི་འགྲན་བསྡུར་དང་ རྫོང་ཁ་ཞབས་ཁྲ་འགྲན་བསྡུར་༢ མཇུག་བསྡུ་ཡོདཔ་བཞིན་དུ་ ཨང་དང་པ་ཐོན་མི་སྡེ་ཚན་ཚུ་ལུ་ དངུལ་རྐྱང་གསོལ་རས་༢༠,༠༠༠ དང་ ཨང་༢ པ་ལུ་༡༥,༠༠༠ དེ་ལས་ ཨང་༣ ལུ་༡༠,༠༠༠ རེ་ བྱིན་ཡོདཔ་ཨིན་པས།
དབང་འདུས་རྫོང་ བསྐྱར་བཞེངས་ཀྱི་དོན་ལུ་ ཞལ་འདེབས་མ་དངུལ་གྱི་ ལས་རིམ་དང་པ་དེ་ འདས་པའི་ཟླཝ་ནང་ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ ས་ཁོངས་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ དངུལ་ཀྲམ་༤,༥༠,༠༠༠ དེ་ཅིག་ཐོབ་མི་ཚུ་ཡང་ གཞུང་ལུ་ ཕུལ་ཡི་ཟེར་ ལས་རིམ་འགོ་འདྲེན་པ་ཚུ་གིས་ སླབ་ཨིན་པས།
ལས་རིམ་དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་ དང་ནོར་གླིང་ཀེ་བཱལསི་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment