གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་གིས་ སྒེར་གྱི་ཚོང་འབྲེལ་ལས་སྡེ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ།

༢༠/༩/༢༠༡༢   ༉ སྒེར་སྡེའི་ཚོང་འབྲེལ་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ལཱ་ཚུ་ དུས་ཚོད་དང་འཁྲིལ་ཏེ་ འབད་དགོཔ་ཨིན་རུང་ གཞུང་གིས་ རེས་གཟའ་ལྷགཔ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་བཟོ་སྟེ་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་ནི་ལས་ བཀག་ཆ་འབད་མི་དེ་གིས་ ཁོང་གི་ ལཱ་གི་གྲུབ་འབྲས་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་ལུ་ འགྲུལ་བཀག་འབད་མི་ ཐིམ་ཕུའི་སྣུམ་འཁོར་ཚུ།


འབྲུག་བཟོ་སྐྲུན་ཚོགས་སྡེའི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ སླབ་མིའི་ནང་ ལོ་༡ ནང་ རྐང་འགྲུལ་པའི་ཉིནམ་༥༢ དེ་ཅིག་ ཐོན་དོ་ཡོདཔ་ལས་ དེ་བསྒང་ ཚོང་འབྲེལ་གྱི་ལཱ་ གཞན་ཚུ་ལུ་ གནོད་པ་བྱུང་མི་དེ་ཕར་བཞག་ ཐ་ན་ ནདཔ་རེ་ ཐོན་པའི་སྐབས་ལུ་ཡང་ སྨན་ཁང་བསྐྱལ་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
མ་གཞི་ ཉིནམ་དེ་ཁར་ གླ་འཁོར་ཚུ་ འགྲུལ་བསྐྱོད་འབད་ཆོགཔ་ཨིན་རུང་ ཁག་ཆེ་བའི་སྐབས་ལུ་ གླ་འཁོར་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
སྒེར་སྡེ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ དམིགས་བསལ་དུ་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགསཔ་ལས་ ཅ་ཆས་ཚུ་ རྒྱ་གར་གྱི་ས་གནས་ ཇའི་སྒང་ལུ་ར་ ཐོགས་ལུསཔ་མས་ཟེར་ཨིན་པས།
སྒེར་གྱི་ ལས་སྡེ་ཅིག་ལས་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་ ལག་ཁྱེར་འཆང་མི་༡༨,༠༠༠ དེ་ཅིག་ཡོདཔ་མ་ཚད་ སྣུམ་འཁོར་ཊཱག་དང་ ཌི་སི་ཨེམ་གྱི་ དེད་གཡོགཔ་ཚུ་ རྐང་འགྲུལ་པའི་ཉིནམ་ལུ་ ཐིམ་ཕུའི་ས་ཁོངས་ནང་ འཛུལ་མ་ཚུགས་པར་ ལམ་ཁར་བསྒུག་སྡོད་དགོཔ་ལས་ ཉིནམ་རེ་ལུ་ ཧ་ལམ་ དངུལ་ཀྲམ་༨,༠༠༠ དེ་ཅིག་ རྒུད་ཕོགཔ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རེས་གཟའ་ལྷག་པ་ལུ་ ཨ་ལུ་ཚུ་ སློབ་གྲྭ་ནང་ བསྐྱལ་བར་འགྱོ་བའི་སྐབས་ དུས་ཡུན་སྐར་མ་༡ གིས་ ཕྱིས་སོ་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ འགྲོ་འགྲུལ་འབད་མ་བཅུགཔ་ལས་ དེ་གིས་ ཁྲིམས་སྲུང་འགག་པ་དང་ མི་སེར་གྱི་བར་ན་ བྲེལ་ཟིང་ལང་བཅུགཔ་མས་ཟེར་ ཚོང་པ་དེ་གིས་ སླབ་ཨིན་པས།
ཨོ་རྒྱན་ཚེ་ཁྱབ་ཀྱིས་འབད་བ་ཅིན་ རྐང་འགྲུལ་པའི་ཉིནམ་ལུ་ ལྟ་བཤལཔ་ཚུ་ སྐྱེལ་འདྲེན་འབད་མི་ ལྟ་བཤལ་ལས་སྡེའི་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་ཆོག་པའི་ གནང་བ་སྤྲོད་མི་དེ་ཡང་ འོས་ལྡན་ཅིག་ མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ འབྲུག་མི་ཚུ་ར་ རྐང་སྟོང་སྦེ་ འགྱོ་དགོ་པ་ཅིན་ ལྟ་བཤལཔ་ཚུ་ལུ་ དེ་བཟུམ་མའི་དབང་ཆ་ ག་ཅི་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཡང་ བཀོདཔ་མས་ཟེར་ སླབ་ཨིན་པས།
སྒེར་སྡེའི་འགོ་དཔོན་ གཞན་ཅིག་གིས་ དེ་བཟུམ་མའི་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་འབད་མི་དེ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ མིང་གཏམ་འཐོན་ནིའི་དོན་ལུ་ རྐྱངམ་གཅིག་མེན་པར་ རང་གི་རྒྱལ་ཁབ་ཀྱི་ དཔལ་འབྱོར་འོང་འབབ་ལུ་ གཙོ་རིམ་བྱིན་ཐོག་ལས་  བལྟ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ཉིནམ་དེ་ལུ་བརྟེན་ རང་བཞིན་གནས་སྟངས་ ཧིང་སངས་ས་སྦེ་ བཞག་ནི་ལུ་ ཕན་ཁྱད་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
སྒེར་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཉིནམ་བརྩི་སྲུང་འབད་དགོ་པའི་ གནད་དོན་ཅིག་ རྒྱལ་ཁབ་ནང་ ས་སྣུམ་གྱི་ནང་འདྲེན་ མར་ཕབ་འབད་ནི་ལུ་ དམིགས་ཏེ་ཨིན་རུང་ འདས་པའི་ཟླཝ་ཚུ་ནང་ རྐང་འགྲུལ་པའི་ ཉིནམ་ཚུ་གི་སྐབས་ལུ་ སྣུམ་འཁོར་ཚུ་གིས་ ས་སྣུམ་ལག་ལེན་འཐབ་མི་དེ་ ཡར་སེང་སོང་ནུག་ཟེར་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment