གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགུ་སྐོར་རྐྱབ་ཐོག་ལས་ ཏི་རུ་ལེན་འབག་མི་ཕོ་སྐྱེས་ཅིག་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་བསྒང་ཡོདཔ།

༡༤/༩/༢༠༡༢   ༉ ད་རེས་ཁམས་གཅིག་ཁར་ ཕོ་སྐྱེས་ཅིག་གིས་ མགུ་སྐོར་རྐྱབ་ཐོག་ལས་ ཐིམ་ཕུའི་ཚོང་ཁང་དག་པ་ཅིག་ལས་ ཏི་རུ་ཚུ་བསྡུ་འབག་མི་ལུ་བརྟེན་  ཁྲིམས་སྲུང་འགག་པ་གིས་ འཚོལ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།


གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༩ པའི་ཚེས་༥ གི་ཕྱི་རུ་ ཨོ་ལ་ཁ་ ཤེས་རིག་ཨིསི་ཀོ་ཡེར་ ཚོང་ལས་ཁང་ནང་གི་ ཚོང་པ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་ཚེ་ཉིན་མར་ ཕོ་སྐྱེས་དེ་གིས་ དབང་འདུས་ཕོ་བྲང་ རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ཨིན་ཟེར་སླབ་སྟེ་ ཚོང་བཙོང་མི་ཨམ་སྲུ་༡ ལས་ དངུལ་ཀྲམ་༥,༠༠༠ ལེན་འབག་སོང་ཡོདཔ་ཨིན་པས།
དེ་བསྒང་ ཚོང་ལས་ཁང་དེ་ནང་ པར་བཏབ་འཕྲུལ་ཆས་ སི་སི་ཀེ་མ་ར་བཙུགས་བཞག་མིའི་ནང་ ཕོ་སྐྱེས་དེ་ པར་བཏབ་ཡོདཔ་བཞིན་དུ་ པར་དེ་བཏོན་ཐོག་ལས་ ད་རེས་ནངས་པ་ ཚོང་ལས་ཁང་གི་ ཚོང་པ་ཚུ་གི་ སྒོ་ཁར་ལས་ཕར་ སྦྱར་ཏེ་བཞག་ཡོདཔ་ཨིན་པས།
ཚོང་ལས་ཁང་གི་ པར་བཏབ་འཕྲུལ་ཆས་ནང་ཚུད་མི་ པར་ཚུ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ དེ་ཚེ་ཉིན་མར་ ཆུ་ཚོད་༣ དེ་ཅིག་ཁར་ ཚོང་ཁང་ནང་ ལྷོད་ཡོདཔ་ད་ ཁོ་གིས་ ཚོང་ཁང་གཞན་ཚུ་ནང་ཡང་འཛུལ་ཏེ་ བལྟ་ཞིབ་ འབད་བའི་ཤུལ་ལུ་ གཱ་ཌཱན་ཨོཕ་ སཱེལསི་༢ པ་ཟེར་མི་ གྱོན་ཆས་ཚོང་ཁང་དེ་ནང་ ཚར་༢ འཛུལ་བའི་ཁར་ ཕྱི་རུའི་ཆུ་ཚོད་༥ དང་ སྐར་མ་༥༥ དེ་ཅིག་ལུ་ ཏི་རུ་༥,༠༠༠ ལེན་འབག་སོང་ཡོདཔ་ཨིན་པས།
ཏི་རུ་བསྡུ་ལེན་འབད་པའི་སྐབས་ལུ་ ཁོ་གི་མིང་དེ་ བསོད་ནམས་ཚེ་རིང་ཨིན་ཟེར་སླབ་སྟེ་ ལགཔ་གིས་བྲིས་མི་ འབྱོར་རྟགས་ཅིག་ཡང་ སྤྲོད་བཞག་ཡོདཔ་མ་ཚད་ འགྲུལ་འཕྲིན་ཨང་གྲངས་ཅིག་ཡང་ སྤྲོད་བཞག་ཡོདཔ་ཨིན་པས།
ཚོང་བཙོང་སྡོད་མི་ ཆོས་སྐྱིད་ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཚོང་ཁང་གི་ ཇོ་བདག་དེ་ཡང་ ངོ་ཤེས་ཟེར་ སླབ་མས་ཟེར་ཨིནམ་ད་ ཤུལ་ལས་ ཁོ་གིས་བྱིན་མི་ འགྲུལ་འཕྲིན་ཨང་གྲངས་ཀྱི་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་ལུ་ ཚར་ཅིག་ འབྲུག་མི་ཕོ་སྐྱེས་ཅིག་གིས་ འཐུ་ཡོདཔ་ཨིན་རུང་ ལོག་བཏང་བའི་བསྒང་ལས་ རྒྱ་གར་ཅིག་གིས་ འཐུཝ་མས་ཟེར་ཨིན་པས།
ཤེས་རིག་ ཨིསི་ཀོ་ཡེར་ ཚོང་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཧེ་མ་ལས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཐོག་ལས་ ཚོང་བཙོང་མི་བུམོ་དེ་ ཉམ་ཆུང་ཏོག་ཏོ་ཅིག་སྦེ་ མཐོང་མི་ལུ་བརྟེན་ གོ་སྐབས་ལེན་ཏེ་ ཏི་རུ་ལེན་པར་ སོང་ཡོདཔ་འོང་ནི་མས་ཟེར་ཨིན་པས།
དེ་གི་ཤུལ་ལས་ ད་རུང་ ཕོ་སྐྱེས་དེ་གིས་ ཐིམ་ཕུ་ ལྕང་ལམ་པཱ་ལ་ཟ་ནང་ སོང་ཞིནམ་ལས་ ཚོང་ཁང་ གཱ་ཌཱན་ཨོཕི་ སཱེལསི་༡ པའི་ནང་ལས་ཡང་ དངུལ་ཀྲམ་༡,༠༠༠ ལེན་འབག་སོང་ཡོདཔ་ད་ ཚོང་ཁང་དེ་གི་ཚོང་པ་ ཀུན་ལེགས་དབང་མོ་གིས་ བཤད་མིའི་ནང་ དེ་བསྒང་ ཕོ་སྐྱེས་དེ་གི་ལག་པར་ ཞལ་འདེབས་བྱིན་མི་ཚུ་གི་ མིང་ཐོ་ཅིག་ཡང་ འབག་སྟེ་འདུག་ཟེར་ཨིན་པས།
ལྕང་ལམ་པཱ་ལ་ཟ་ལས་ ཚོང་པ་གཞན་ཅིག་གིས་ འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཕོ་སྐྱེས་ཅིག་གིས་ དབང་འདུས་ཕོ་བྲང་ རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ཨིན་ཟེར་སླབ་སྟེ་ ཏི་རུ་ལེན་པར་འོང་ཡོདཔ་ཨིན་རུང་ མོ་གིས་ མ་བྱིན་ཟེར་ཨིནམ་ད་ ཚོང་པ་གཞན་ཅིག་གིས་ དབང་འདུས་ཕོ་བྲང་རྫོང་དེ་ མེ་གིས་འཚིགས་ཏེ་ གངམ་མ་འགྱོཝ་ཅིག་ཁར་ ཕོ་སྐྱེས་ཅིག་ ཞལ་འདེབས་བསྡུ་བར་འོང་ཡོདཔ་ཨིན་རུང་ ཁོ་གིས་ཡང་ ཏི་རུ་མ་བྱིནཔར་ ལོག་བཏང་ཡི་ཟེར་ཨིན་པས།
བཟའ་འཐུང་གི་རིགས་བཙོང་མི་ ཚོང་པ་ཅིག་གིས་འབད་བ་ཅིན་ གལ་སྲིད་ མི་དེ་ལུ་ གཞུང་ལས་གནང་བ་དང་ ཚུལ་མཐུན་གྱི་ འབྱོར་རྟགས་ཚུ་མེད་པ་ཅིན་ ཞལ་འདེབས་ཚུ་ རྩ་ལས་ར་ བྱིན་ནི་མེད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ཚུ་ ཁྲིམས་སྲུང་འགག་པ་ལུ་ ལྷོད་ཡོདཔ་ཨིན་རུང་ ཕོ་སྐྱེས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་ ཨིན་ཟེར་ སླབ་ཡོདཔ་སྦེ་ བཀོད་ཡོདཔ་མ་གཏོགས་ དབང་འདུས་ཕོ་བྲང་ རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ཨིན་ཟེར་ སླབ་མི་མ་ཐོན་ཟེར་ཨིན་པས།
མ་གཞི་ སྙན་ཞུ་འབད་མི་དེ་གིས་ གཞན་ཡང་ ཚོང་པ་ལེ་ཤ་ཅིག་ནང་ལས་ར་ ཏི་རུ་ཚུ་ ལེན་འབག་ཡོདཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བར་སོང་བའི་སྐབས་ ཚོང་པ་གཞན་ཚུ་ལས་ ཏི་རུ་ ལེན་མ་འབག་པས་ཟེར་ཨིན་པས།
ཨིན་རུང་ མི་དེ་གིས་ གཞན་ལུ་ཡང་ མགུ་སྐོར་རྐྱབ་ཐོག་ལས་ ཏི་རུ་ལེན་འབག་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ འཛིན་བཟུང་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་ད་ དེ་བཟུམ་མའི་གནད་དོན་ནང་ ཧེ་མའི་ ཉེས་དོགས་ཅན་ཚུ་ཡང་ཡོདཔ་ལས་ དབྱེ་ཞིབ་འབད་བའི་བསྒང་ ཡོད་ཟེར་ཨིན་པའི་གནས་ཚུལ།


 
ཉི་མ་དབང་འདུས།

No comments:

Post a Comment