གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ཚུ་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ དར་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ ས་ཁོངས་དེ་ ཁ་ཙ་ དར་སྣ་ལྔ་གིས་གང་སྟེ་ ཁྲ་ཆེམ་ཆེམ་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ སློབ་གྲྭ་དེ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་དུས་སྟོན་ བརྩི་སྲུང་འབད་ནི་དེ་གིས་ཨིན་པས།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ ཨང་དང་པ་ཐོན་མི་ སློབ་ཕྲུག་ཚུ་ལུ་ མི་དབང་མཆོག་གི་
ངོས་འཛིན་ལག་ཁེྱར་ གནང་པའི་བསྒང་།
དར་དཀར་ནང་སློབ་གྲྭའི་ སློབ་ཕྲུག་ཚུ་ དུས་སྟོན་བརྩི་སྲུང་སྐབས་ ཞབས་ཁྲ་རྐྱབ་པའི་བསྒང་།


དུས་སྟོན་དེ་ནང་ སློབ་ཕྲུག་ཚུ་གིས་ དྲོ་པ་ རུ་སྒྲིག་ལས་རིམ་ལས་ འགོ་བཙུགས་ཏེ་ རང་ལུགས་ཀྱི་ཞབས་ཁྲ་ཚུ་ སློབ་གྲྭའི་རྩེད་ཐང་ནང་སྦེ་ ལྟདམོ་བལྟ་བར་ འཛོམས་མི་ཚུ་ལུ་ སྤྱན་འབུལ་ཕུལ་ཡི།
རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ དུས་སྟོན་བརྩི་སྲུང་གི་དོན་ལུ་ མཆོད་བཤམ་ཅིག་ འགོ་འབྱེད་འབད་ཡོདཔ་ད་ མཆོད་བཤམ་གྱི་ ནང་རྟེན་ཚུ་ཡང་ སྒེར་གྱི་སྦྱིན་བདག་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ རྒྱུ་ཟངས་ལས་བསྒྲུབས་པའི་ རིང་ཚད་ཕིཊ་༤ རེ་འབད་མི་ ཆོས་ལོངས་སྤྲུལ་གསུམ་དང་ འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཚུ་ ཕུལ་ཡོདཔ་ཨིན་པས།
རྟེན་འབྲེལ་ནང་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ ཧེ་མ་ སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ འབྲི་རྩོམ་དང་ སྲུང་ དགོད་བྲོ་ཚུ་ཡོད་པའི་ དུས་དེབ་དེ་ཡང་ གསར་བཏོན་འབད་ཡི།
དེ་མ་ཚད་ ཤེས་རིག་བློན་པོ་མཆོག་གིས་ རྫོང་ཁག་འོག་གི་ སློབ་གྲྭ་ཁག་སོ་སོ་ཚུ་ནང་ལས་ འདས་པའི་ལོ་ནང་ དཔེ་ཆ་ནང་ ཨང་དང་པ་ཐོན་ཏེ་ ད་རེས་ སློབ་གྲྭ་ནང་ཡོད་མི་ སློབ་ཕྲུག་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་གིས་གནང་མི་ ངོས་འཛིན་ལག་ཁྱེར་ཚུ་གནང་ཡི། 
ཉིནམ་དེ་ལུ་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ ཕན་འདེབས་དགའ་སྟོན་སྦེ་ རྩེད་རིགས་དང་ བཟའ་འཐུང་གི་རིགས་ཚུ་ ཁང་མིག་ཚུ་ནང་ལས་ བཙོང་ཡོདཔ་ཨིན་པས།
སློབ་གྲྭ་དེ་ སྤྱི་ལོ་༡༩༦༢ ལུ་ སློབ་གྲྭ་ཆུང་བ་སྦེ་ འགོ་བཙུགས་པའི་ཤུལ་ལུ་ སྤྱི་ལོ་༡༩༨༢ ལུ་འབྲིང་རིམ་སློབ་གྲྭ་འོག་མ་དང་ སྤྱི་ལོ་༢༠༠༠ ལུ་ འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ སྤྱི་ལོ་༢༠༠༩ ལུ་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ རྒྱ་བསྐྱེད་སོང་ཡོདཔ་ཨིན་པས།
དུས་སྟོན་ནང་ སློབ་གྲྭ་ནང་ལས་མཐར་འཁྱོལ་མི་ སློབ་ཕྲུག་བགྲེསཔ་དང་ སློབ་དཔོན་ཚུ་དང་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཅི།
སློབ་ཕྲུག་བགྲེསཔ་ཚུ་གི་གྲས་ལས་ གཅིག་ དར་དཀར་ནང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསོད་ནམས་རྡོ་རྗེ་ཨིནམ་ད་ ཁོ་གིས་ ཁ་ཙ་ སློབ་གྲྭ་ནང་ ལོ་ངོ་མང་རབས་ཅིག་གི་རྒྱབ་ལས་ ལོག་འོང་ནིའི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་བཤད་ཅི།
སྐྱེས་ལོ་༦༨ ལང་་མི་ དུང་ཆེན་གྱིས་ ལོ་ངོ་༡༩ གི་རིང་ དུས་ཡུན་རིངམོ་སྦེ་ སློབ་གྲྭ་ནང་ཕྱག་ཞུ་མི་ཅིག་ཨིནམ་ད་ ཁ་ཙ་ སློབ་གྲྭ་ནང་ལས་ སྐུའི་གསོལ་རས་ཐོབ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ སློབ་གྲྭ་དེ་ ལེ་ཤ་གིས་ ཡར་རྒྱས་སོང་ནུག་ཟེར་ཨིནམ་ད་ ད་རེས་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སྤྲོ་ཉམས་སྦོམ་བྱུང་ཡི་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ བླམ་རྡོ་རྗེ་གིས་ སླབ་མིའི་ནང་ དུས་སྟོན་དེ་ སློབ་གྲྭའི་མི་ལོ་༥༠ འཁོར་མི་དང་ ཤེས་རིག་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་དང་གཅིག་ཁར་ཨིནམ་ད་ ད་རེས་ ཤེས་རིག་བློན་པོ་བྱོན་ཏེ་ མཐར་འཁྱོལ་ཅན་སྦེ་ བརྩི་སྲུང་ཞུ་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
སློབ་གྲྭ་དེ་ འགོ་བཙུགས་པའི་སྐབས་ དར་དཀར་ལུང་གསུམ་ནང་ལས་ སློབ་ཕྲུག་༡༥༠ དང་ སློབ་དཔོན་གོངམ་རྩིས་ཏེ་ སློབ་དཔོན་༣ གྱིས་ འགོ་བཙུགས་ཡོདཔ་ད་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་༥༣༧ དང་ སློབ་དཔོན་༢༦ དེ་ལས་ གཞན་ལས་བྱེདཔ་༡༩ ཡོདཔ་ཨིན་པའི་གནས་ཚུལ།


དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment