གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ དུར་བདག་དང་ ལྷམོ་གཙོ་མོའི་དམངས་འཆམ་ཚུ་ མཇལ་ཁ་གནང་ནི།

༢༢/༩/༢༠༡༢   ༉ ཁ་ཙ་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ ཐིམ་ཕུ་ལྷ་མོའི་སྒྲུབ་མཆོད་ཀྱི་ ལྷམོ་གཙོ་མོའི་ དངོས་འཆམ་སྟོན་པའི་སྐབས་ མཇལ་ཁ་ཞུ་མི་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།
ལྷམོ་གཙོ་མའི་སྒྲུབ་མཆོད་མཇལ་ཁ་ཞུ་བར་འཛོམས་མི་དད་ཅན་ཚུ།
ལྷམོ་གཙོ་མའི་གཙོ་འཁོར་གྱི་ སྐུ་འཆམ་གནང་པའི་བསྒང་།
བྱིན་རླབས་ཅན་གྱི་སྒྲུབ་མཆོད་ནང་ ཕྱི་མི་ཚུ་གིས་ སྤྲོ་བ་བསྐྱེད་པའི་བསྒང་།


དེ་ཡང་ རང་ཟླ་༧ པའི་ཚེས་༢༡ ལས་ རང་ཟླ་༨ པའི་ཚེས་༥ ཚུན་ ཉིན་གྲངས་༡༥ འི་རིང་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ གཞུང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ འདོད་པའི་དབང་ཕྱུག་ཆེན་མོ་ དཔལ་ལྡན་ལྷ་མོ་དུད་སོལ་མའི་ སྒྲུབ་ཆེན་གནང་ཡོདཔ་བཞིན་དུ་ ཕྱི་རུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྐུ་འཆམ་ཚུ་ གནང་སྟེ་ ཁ་ཙ་ རྡོ་གཅལ་ནང་སྦེ་ མི་མང་ལུ་ མཇལ་ཁ་གནང་ཡི།
རྒྱལ་སྲས་བདག་ཉིན་ཆེན་པོ་ ཀུན་དགའ་རྒྱལ་མཚན་གྱིས་ དཔལ་ལྡན་ལྷ་མོ་དུད་སོལ་མ་དེ་ དངོས་ཉམས་མནལ་ལམ་ཚུ་ནང་ ཡང་བསྐྱར་ཞལ་མཇལ་ཏེ་ གསུང་ཐོས་ཀྱི་ལུང་བསྟན་དང་བསྟུན་ཏེ་ ལྷམོ་གཙོ་མོ་འཁོར་དང་བཅས་པའི་ སྐུ་འཆམ་ཚུ་ ད་རེས་ མི་མང་གིས་ མཇལ་ནིའི་སྐལ་བ་ཐོབ་མི་དེ་ ཁོ་གིས་ མཛད་གནང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཡེ་ཤེས་ལྷ་མོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་ གཟིགས་མི་ཚུ་གི་ དད་རྟེན་དང་ རྒྱལ་ཁབ་ཀྱི་ རྐྱེན་སེལ་རྟེན་འབྲེལ་གྱི་ གནས་ཁྱད་པར་ཅན་ལུ་གཟིགས་ཏེ་ སྤུས་ན་ཁའི་ མགོན་དབང་སྒྲུབ་མཆོད་དང་ དེ་གི་ཤུལ་ལས་ ཐིམ་ཕུ་ བཀྲིས་ཆོས་རྫོང་ནང་སྦེ་ གཞི་བཙུགས་མཛད་ནུག།
ཁ་ཙ་ཉིན་མ་ ལྷ་མོ་རེ་མ་ཏིས་སྣ་དྲངས་ཏེ་ ལྷ་མོ་མཆེད་བཞི་དང་ སྒོ་མ་བཞི་ གདོང་ཅན་བརྒྱད་ དཔལ་ལྡན་ལྷ་མོ་གཙོ་མོའི་ ཕྱག་ཞུ་སྟེ་ འགུགས་བྱེད་དང་ གསོད་བྱེད་གསུམ་བཅས་ཀྱི་ སྐུ་འཆམ་ཚུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ དངོས་སུམ་དུ་ བརྩམས་གནང་མི་ བྱིན་རླབས་ཅན་གྱི་ སྐུ་འཆམ་ཚུ་ སྟོན་ཡོདཔ་ཨིན་པས།
ལྷམོ་གཙོ་མོའི་དངོས་འཆམ་དེ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ དག་སྣང་ལུ་མཇལ་ཏེ་ ལུང་བསྟན་ཐོབ་པའི་གནང་བ་དང་འཁྲིལ་ཏེ་ ལྷ་མོའི་འཆམ་ གསར་བརྩམས་མཛད་ཡོདཔ་ལས་ གཏེར་འཆམ་མཐོང་གྲོལ་ཆེན་མོ་དང་ དངོས་འཆམ་མཇལ་བ་ཙམ་གྱིས་ རང་གི་སྡིག་སྒྲིབ་དག་ནི་དང་ རྐྱེན་ངན་བར་ཆད་བསལ་ནི་ དེ་ལས་ དད་པ་སྦོམ་བསྐྱེད་དེ་ གསོལ་བ་བཏབ་པ་ཅིན་ མཆོག་དང་ཐུན་མོང་གི་ དངོས་སྒྲུབ་འཐོབ་ནི་ཨིན་པས།
དེ་མ་ཚད་ དཔལ་ལྡན་འབྲུག་པའི་ བསྟན་པའི་ཕྲིན་ལས་དང་ དགེ་འདུན་འདུས་སྡེ་ཆེན་པོའི་ བདག་གཉེར་གཙོ་བོ་ཅིག་ མ་ཅིག་ དཔལ་ལྡན་ལྷ་མོ་གིས་ མཛད་དོ་ཡོདཔ་ལས་ དཔལ་ལྡན་འབྲུག་པའི་བསྟན་པ་ ཇི་སྲིད་བསྐལ་བརྒྱར་བསྟན་པའི་ གསོལ་འདེབས་སྨོན་ལམ་དང་ འདོད་གསོལ་ཞུ་ནིའི་ གོ་སྐབས་བཟང་པོ་ཨིནམ་ལས་ མི་སེར་ཡོངས་ཀྱི་དོན་ལུ་ བཞག་ཡོདཔ་ཨིན་པས།
དེ་འབད་ནི་འདི་གིས་ ལྷ་མོ་གཙོ་མོའི་ དངོས་འཆམ་མཇལ་ནིའི་ གཞུང་འབྲེལ་ངལ་གསོ་གནང་པའི་སྐབས་ དྲག་ཞན་ཆེ་ཆུང་མེདཔ་ག་ར་ འཛོམས་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ཚུ་ལས་ཡང་ ལྟ་བཤལཔ་བརྒྱ་ལས་བཅད་དེ་ འཛོམས་ནུག།
ལོ་བསྟར་བཞིན་དུ་ ལྷམོ་གཙོ་མོའི་སྐུ་འཆམ་མཇལ་བར་འོང་མི་ ཐིམ་ཕུ་ཀ་ཝང་རྒེད་འོག་ལས་ སྐྱེས་ལོ་༧༣ ལང་མི་ ཤེལ་རྡོ་གིས་ སླབ་མི་དང་འཁྲིལཝ་ད་ ལྷམོ་གཙོ་མོའི་སྐུ་འཆམ་དེ་ མཇལཝ་ཙམ་ཅིག་གིས་ ལོ་༡ གི་ རྐྱེན་ངན་བར་ཆད་ཚུ་ བསལ་ཚུགས་པའི་ཁར་ སྨོན་ལམ་གང་བཏབ་ ལྷུན་གྱིས་འགྲུབ་ཚུགསཔ་ལས་ བྱིན་རླབས་ཁྱད་དུ་འཕགས་པ་ཡོད་ཟེར་ཨིན་པས།
ད་རིས་ བཀྲིས་ཆོས་རྫོང་ནང་ དུར་བདག་དང་ ལྷམོ་གཙོ་མོའི་ དམངས་འཆམ་ཚུ་ མཇལ་ཁ་གནང་ནི་ཨིནམ་ད་ ཕྱི་རུ་ མགོན་ཁང་ནང་ ཞྭ་ནག་འཆམ་ཚུ་ མཇལ་ཁ་གནང་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment