གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ཁྲོམ་ལུ་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནང་དོ་ཡོདཔ།

༢༡/༩/༢༠༡༢   ༉ སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ ཁྱད་པར་ སྨན་ལྗོངས་ཆོས་ལྡན་རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་ མོང་སྒར་རྫོང་ཁག་གི་ས་གནས་ རྒྱལ་པོའི་ཞིང་ཁྲོམ་ལུ་སྦེ་ དུས་ཅི་ འགོ་དང་པ་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནང་ནི་འགོ་བཙུགས་ཡོདཔ་ཨིན་པས།


ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ཡང་ རྫོང་གསར་འཇམ་དབྱངས་མཁྱེན་རྩེ་ རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཀུར་སྟོད་ཡོ་གྲགས་སྤྲུལ་སྐུ་དང་ མོང་སྒར་བཀའ་དམ་དགོན་པའི་མཚམས་པ་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ རང་ཟླ་༧ པའི་ཚེས་༣༠ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
དུས་ཅི་ ས་གནས་རྒྱལ་པོ་ཞིང་ཁྲོམ་ལུ་སྦེ་ དེ་བཟུམ་གྱི་ སྒྲུབ་ཆེན་གནང་ཚུགས་མི་དེ་ཡང་ མོང་སྒར་ ཀུར་རི་ཆུ་གློག་མེ་ལས་འགུལ་དང་ རྒྱལ་པོ་ཞིང་གི་ཚོང་པ་འཐུས་མི་ ཞི་གཡོགཔ་ མོང་སྒར་རྫོང་ཁག་བདག་སྐྱོང་དང་ ཚོང་པ་ཚུ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མོང་སྒར་ཁྲོས་མ་ཚོགས་པ་གིས་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཁྲོས་མ་ཚོགས་པའི་ སློབ་དཔོན་ ཚེ་དབང་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་  དུས་ཅི་ཐེངས་དང་པ་ དེ་བཟུམ་གྱི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་དགོ་མི་དེ་ཡང་ སྤྱིར་འཛམ་གླིང་དང་ ལྷག་པར་ རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་དང་ འབྱུང་བཞི་འཁྲུག་པའི་འཇིགས་པ་ཚུ་ ཞི་ཐབས་ལུ་ཨིན་ཟེར་ཨིན་པས།
ཕམ་རྒན་ཤོས་ཚུ་གིས་ སླབ་སྲོལ་ལས་འབད་རུང་ རྒྱལ་པོའི་ཞིང་དེ་ དམྱལ་བའི་གྲོང་ཁྱེར་ཨིནམ་སྦེ་ བརྩི་སྲོལ་ཡོདཔ་ལས་ དེ་བཟུམ་གྱི་ས་གནས་ཚུ་ནང་ བྱིན་ཅན་གྱི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་ཚུགས་པ་ཅིན་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ ངན་སོང་གསུམ་གྱི་སྡུག་བསྔལ་ལས་འགྲོལ་ཚུགས་པའི་ཕན་པ་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་སྡོད་མི་ཚུ་གིས་ ཀུན་གསལ་ལུ་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཕུར་པའི་སྒྲུབ་ཆེན་དེ་ དུས་ཅི་ལས་ འགོ་བཙུགས་གནང་ཚུགས་ཡོད་མི་ལུ་བརྟེན་ ད་ལས་ཕར་འབད་རུང་ ལོ་བསྟར་བཞིན་དུ་ གནང་ནི་རེ་སྨོན་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་སར་ ཉིན་བསྟར་བཞིན་དུ་ རང་སོའི་ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ རྒྱལ་པོ་ཞིང་དང་ མོང་སྒར་ལུ་སྡོད་མི་ དད་ཅན་ ཞི་གཡོགཔ་དང་  ཚོང་པ་ དེ་ལས་ མི་སེར་ བརྒྱ་ལས་བཅད་མི་ཚུ་གིས་ འཛོམས་དོ་ཡོདཔ་ཨིན་པས།
རང་ཟླ་༧ པའི་ཚེས་༣༠ ལས་འགོ་བཙུགས་མི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ རང་ཟླ་༨ པའི་ཚེས་༨ ལུ་ དངོས་གྲུབ་བླང་དབང་གནང་ནི་དང་ བདུད་འཇོམས་སྔོན་འགྲོའི་བཀའ་ཁྲིད་ དེ་ལས་ མི་མང་ལུ་ ཕུར་པ་གནམ་ལྕགས་སྤུ་གྲིའི་བཀའ་དབང་དང་ མར་མེ་སྨོན་ལམ་གནང་ནི་ཨིན་པས།
དེ་ལས་ ཚེས་༩ ལུ་ སྔོན་འགྲོའི་བཀའ་ཁྲིད་གནང་ནི་དང་ བླ་མ་མཚོ་སྐྱེས་ཐུགས་རྟེན་བཀའ་ཁྲིད་ཚུ་གནང་ནི་ ཁྲོས་མའི་ཚོགས་འཁོར་བསྐོར་ནི་ ཚེས་༡༠ ལུ་ སྔོན་འགྲོའི་བཀའ་ཁྲིད་དང་ མཁའ་འགྲོའི་ཐུགས་རྟེན་ བཀའ་དབང་ཟབ་མོ་གནང་ཐོག་ལས་ མཁའ་འགྲོའི་ཐུགས་གཏད་ ཚོགས་ཀྱི་འཁོར་ལོ་ བསྐོར་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment