གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ལྷག་སོ་རུང་ རྒུད་འཐུས་མ་འཐོབ་པར་ཡོདཔ།

༢༧/༩/༢༠༡༢   ༉ དར་དཀར་ནང་ འབྲུག་རྗེས་སྒང་རྒེད་འོག་ ཐང་ན་གཡུས་ཚན་ལས་ སྐྱེས་ལོ་༤༦ ལང་མི་ རིན་ཆེན་མོ་གི་ ཁྱིམ་དེ་ འདས་པའི་ཟླཝ་༩ དེ་ཅིག་གི་ཧེ་མར་ མེ་རྐྱེན་ཤོར་ཏེ་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ཁྱིམ་མེ་གིས་འཚིགས་ཏེ་ སྦ་སྒོར་རྐྱབ་སྡོད་མི་རིན་ཆེན་མོ།


གུང་ཨང་༢ པ་འབད་མི་ ཁྱིམ་དེ་ མེ་གིས་ འཚིགས་པའི་ཤུལ་ལས་ ས་གནས་བདག་སྐྱོང་གི་ ལས་བྱེདཔ་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སྙན་ཞུ་འབད་དེ་ ཟླཝ་༩ ལྷག་སོ་རུང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ནང་ལས་ ཉེན་བཅོལ་རྒུད་འཐུས་ཚུ་ མ་ཐོབ་པར་ཡོདཔ་ཨིན་པས།
རིན་ཆེན་མོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་ཡིག་ཚང་ནང་ ལན་ཐེངས་༣ དེ་ཅིག་ དྲན་བསྐུལ་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ ཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་གིས་ སླབ་མིའི་ནང་ མོ་གི་ཁྱིམ་དེ་ མེདཔ་ཐལ་བའི་ཤུལ་ལུ་ སྡོད་ས་བརྟན་ཏོག་ཏོ་ཅིག་མེད་རུང་ ཁྱིམ་རྐྱབ་མ་ཚུགས་མི་ལུ་བརྟེན་ དཀའ་ངལ་ཐོག་ལུ་ སྡོད་པའི་བར་ན་ འབྲུག་རྗེས་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ ཁ་ཐུག་ལས་ ཁྱིམ་སྦ་སྒོར་ཅིག་ རྐྱབ་བྱིན་མི་དེ་གིས་ ཕན་ཐོགས་སྦོམ་འབད་ར་ བྱུང་ཡི་ཟེར་ཨིན་པས།
མོ་གིས་ རྩིག་ཁྱིམ་ཅིག་ རྐྱབ་ནིའི་དོན་ལུ་ རེ་བ་བསྐྱེད་སྡོད་ཡོད་རུང་ ཉེན་བཅོལ་རྒུད་འཐུས་མ་ཐོབ་མི་ལུ་བརྟེན་ ཁྱིམ་རྐྱབ་མ་ཚུགས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ སྤང་སེར་བུ་གཡུས་ཚན་ལས་ ཚེ་རིང་གི་ཁྱིམ་ཡང་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ས་ཡོམ་རྐྱབ་པའི་སྐབས་ ཁྱིམ་ཟུར་༤ པོ་ཆ་ར་ སེར་གུ་ཐོན་ཏེ་ ཁྱིམ་ནང་སྡོད་མ་ཚུགས་པའི་ཤུལ་ལུ་ སྦ་སྒོར་ཆུང་ཀུ་ཅིག་རྐྱབ་སྟེ་ ཟུར་ཁ་ཐོན་སྡོད་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཤུལ་ལས་ རྒེད་འོག་དང་ རྫོང་ཁག་ནང་ལས་ ཞིབ་དཔྱད་སྡེ་ཚན་ཅིག་འོང་སྟེ་ པར་ཚུ་བཏབ་ དབྱེ་ཞིབ་འབད་དེ་ ལོ་ལང་སོ་རུང་ རྒུད་འཐུས་ཚུ་ ད་ལྟོ་ཡང་མ་ཐོབ་པར་ཡོད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་ཡིག་ཚང་ནང་ ལན་ཐེངས་མང་རབས་ཅིག་ སྙན་ཞུ་འབད་ཡོད་རུང་ ད་ལྟོ་ཡང་ མ་ཐོབ་པར་ཡོད་ཟེར་ཨིན་པས།
འབྲུག་རྗེས་སྒང་གི་ རྒཔོ་འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ས་ཡོམ་གྱི་ རྒུད་འཐུས་སྐོར་ལས་ སྙན་ཞུ་ཚུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་ཆུང་ནང་ལས་ སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་དེ་ དེ་འཕྲོ་ལས་ འབག་སོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྱིམ་མེ་རྐྱེན་ཤོར་མིའི་ ཐད་ལུ་ཡང་ སྙན་ཞུ་ཚུ་ དེ་འཕྲོ་ལས་ རྫོང་ཁག་ནང་ འབད་ཡི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ཚེ་རིང་བཟུམ་སྦེ་ ས་ཡོམ་གྱིས་ ཁྱིམ་མེདཔ་བཏང་པའི་ཤུལ་ལུ་ ཉེན་བཅོལ་རྒུད་འཐུས་མ་ཐོབ་མི་ ཁྱིམ་གུང་གཞན་ཡང་ཡོདཔ་ཨིན་པས།
ཨིན་རུང་ སྙན་ཞུ་ཚུ་ འཕྲལ་ཁམས་ཅིག་ཁར་ དར་དཀར་ནང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཡིག་ཚང་ནང་ ལྷོད་དེ་ཡོདཔ་ད་ ད་ལྟོ་ བྱིན་ནིའི་དོན་ལུ་ བྱ་རིམ་ནང་ཡོདཔ་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཉེན་བཅོལ་རྒུད་འཐུས་སྤྲོད་ནི་ལུ་ མཐོ་ཤོས་ཟླཝ་༡ དེ་ཅིག་ལས་ འགོར་ནི་མེད་རུང་ རྒེད་འོག་དེ་གི་ཐད་ལུ་ལྷོདཔ་ད་ སྙན་ཞུ་ར་ རྫོང་ཁག་ནང་ལས་ ཕྱིས་སུ་ཅིག་སྦེ་ ལྷོད་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒུད་འཐུས་མ་ཐོབ་མི་དེ་ འབྲུག་རྗེས་སྒང་རྒེད་འོག་རྐྱངམ་གཅིག་མེན་པར་ རྒེད་འོག་གཞན་༨ དེ་ཅིག་ཡོད་མི་ཚུ་ལུ་ ད་རེས་ནངས་པ་ བྱིན་པའི་བསྒང་ཡོད་ཟེར་ཨིན་པའི་གནས་ཚུལ།


འབྲུག་རྗེས་སྒང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment