གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ ཞིབ་དཔྱད་སྙན་ཞུ་ལུ་ ཚོགས་ཆུང་ཅིག་གིས་ བསྐྱར་ཞིབ།

༡༥/༩/༢༠༡༢   ༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་༥ འབད་མི་ ཚོགས་ཆུང་ཅིག་གིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་བྱ་རིམ་ཚུ་གི་ ཞིབ་དཔྱད་སྙན་ཞུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚོགས་ཆུང་གིས་ ཤོག་གྲངས་༡༠༠ ལྷགཔ་ཅིག་འབད་མི་ ཞིབ་དཔྱད་སྙན་ཞུ་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་རུང་ དུས་ཚོད་ག་དེམ་ཅིག་ འགོར་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིནམ་ད་ སྙན་ཞུ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་ཁྲོམ་ས་༩༩ དེ་ཅིག་ བགོ་སྤྲོད་འབད་མི་ཚུ་ལུ་ ཧ་ལམ་ལོ་༡ གི་རིང་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བཏང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩོད་དོན་དེ་ མགུ་རྙོགས་དྲགས་ཅིག་ལུ་ མི་འགྱུར་ནི་གི་དོན་ལས་ ཉེས་བཤེར་འབད་དགོཔ་ཡོད་རུང་ མགྱོགས་སུ་སྦེ་ མཇུག་བསྡུ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་ནང་ གནད་དོན་ག་ཅི་ར་ཡོདཔ་ཨིན་ན་ ངེས་བདེན་སྦེ་ ཤེས་རྟོགས་བྱུང་མ་ཚུགས་རུང་ སྤྱི་ལོ་༡༩༩༩ ལས་༢༠༠༦ གི་བར་ན་ རྫོང་ཁག་ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་༤ ཡོད་མི་ཚུ་གིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དང་ སྡོད་ཁྱིམ་ས་ཁོངས་ལས་ ཚོང་ཁང་དང་ ཁྱིམ་རྐྱབ་ནིའི་དོན་ལུ་ མི་ངོ་སོ་སོ་དང་ གཙུག་སྡེ་ཚུ་ལུ་ ས་ཚན་༩༩ བགོ་སྤྲོད་འབད་མི་ལས་༦༧ ཐོབ་ལམ་མེད་མི་ཚུ་ལུ་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
ཁྲོམ་ས་དང་ ཁྱིམ་ས་མང་ཤོས་ར་ ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ མོང་སྒར་ རྫོང་བདག་སྦེ་སྡོད་པའི་སྐབས་ མཁོ་སྤྲོད་འབད་ཡོདཔ་ད་ ལྷག་ལུས་ཁྱིམ་ས་༥ ལུས་མི་དེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་ མོང་སྒར་ རྫོང་བདག་སྦེ་ བཞུགས་པའི་སྐབས་ གྲྭ་ཚང་གཉིས་དང་ སྒེར་མི་༣ ལུ་ ཚོགས་ཆུང་གི་ གྲོས་ཆོད་ཐོག་ བགོ་སྤྲོད་འབད་ནུག།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༣ ལུ་ ཁོ་ར་ མོང་སྒར་རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ ཁྲོམ་དང་ སྡོད་ཁྱིམ་ས་ཁོངས་གཉིས་ཆ་རའི་ནང་ ས་མཚམས་རྡོ་མཚམས་ཚུ་ བཀལ་ཚར་ཡོདཔ་མ་ཚད་ ཡུདཔ་ཅིག་བགོ་སྤྲོད་འབད་ཚར་ཏེ་ ས་ཚན་དག་པ་ཅིག་མ་གཏོགས་ མ་ལུས་པས་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་ནང་ ས་ཚན་དག་པ་ཅིག་ ལུས་མིའི་དོན་ལུ་ སྤྱི་ལོ་༢༠༠༣ ལས་ རྫོང་ཁག་ཁྲོམ་ཚོགས་ཆུང་ལུ་ ཞུ་ཡིག་༡༠༠ དེ་ཅིག་བཙུགས་མི་ ཐོན་ཡོད་རུང་ སྤྱི་ལོ་༢༠༠༥ ཚུན་ཚོད་ བགོ་སྤྲོད་མ་འབད་བར་ བཞག་པའི་ཤུལ་ལས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ འཐུས་མི་༡༢ འབད་མི་ རྫོང་ཁག་ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གིས་ ས་ཚན་༥ བགོ་སྤྲོད་འབད་ཡི་ཟེར་ བློན་པོ་མི་འགྱུར་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་ས་བགོ་སྤྲོད་འབད་མི་ཚུ་གི་ཐོ་ ཐིམ་ཕུར་ཞབས་ཏོག་ལྷན་ཁག་གི་ ཁྲོམ་སྡེ་གོང་འཕེལ་སྡེ་ཚན་ནང་ བཏང་པའི་ཤུལ་ལས་ ཉོགས་བཤད་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་པོའི་ཞིང་ཁྲོམ་ཁར་ སྒྲིང་ཁྱིམ་༡༥ དེ་ཅིག་ རྐྱབ་ཡོད་མི་ལས་ ཕྱེད་ཀ་དེ་ཅིག་ ཁྲོམ་ས་ཚུལ་མིན་གྱི་སྒོ་ལས་ བགོ་སྤྲོད་འབད་མིའི་གྲངས་སུ་ ཚུད་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment