གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླ་འཁོར་ཅིག་མེ་སྤར་ཡོདཔ།

༡༩/༩/༢༠༡༢   ༉ ཁ་ཙ་དྲོ་པའི་ཆུ་ཚོད་༣ དང་ སྐར་མ་༢༠ དེ་ཅིག་ཁར་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་འགྱོ་སའི་ འཁོར་ལམ་ཟུར་ཁ་ བཞག་མི་ གླ་འཁོར་ཊཱ་ཊཱ་ ཝེན་ཊོར་༡ མེ་སྤར་ཡོདཔ་ཨིན་པས།


རྐྱེན་ངན་དེ་ བློན་ཆེན་བཞུགས་སའི་ ས་གནས་ཀྱི་ཉེ་འདབས་ལུ་ བྱུང་མི་ལུ་བརྟེན་ བློན་ཆེན་གྱི་ སྲུང་རྒྱབ་ ཁྲིམས་སྲུང་འགག་པ་ཚུ་གིས་མཐོང་སྟེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་གིས་ མེ་བསད་སྣུམ་འཁོར་ཚུ་ འབོ་བཞིནམ་ལས་ ས་གནས་ནང་ལྷོདཔ་ད་ སྣུམ་འཁོར་དེ་ ཧ་ལམ་ མེ་གིས་འཚིགས་ཚར་ཡོདཔ་ཨིན་རུང་ བྱ་ངན་དེ་ ག་གིས་འབད་འབདཝ་ཨིན་ནའི་སྐོར་ལས་ ད་ལྟོ་ཤེས་རྟོགས་མ་བྱུང་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་ཨིན་པས།
ཆུ་ཁ་རྫོང་ཁག་ དར་ལ་ལས་ སྐྱེས་ལོ་༤༡ ལང་མི་ བིར་བྷ་དུར་གྱི་གླ་འཁོར་དེ་ དེ་ཚེ་ནུབ་མོ་ ཆརཔ་རྐྱབ་མི་ལུ་བརྟེན་ ཁོ་རའི་ཁྱིམ་གྱི་གདོང་ཁར་ཚུན་ ལམ་མ་ཐལ་ནི་དེ་གིས་ གཞུང་ལམ་གྱི་ཟུར་ཁ་ ལེགས་ཤོམ་སྦེ་ བཀག་བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ མེ་གིས་འཚིགས་མིའི་སྣུམ་འཁོར་དེ་ དེད་གཡོགཔ་ཁོ་ར་གིས་ བཀག་བཞག་ས་ལས་ ཕིཊི་༤༢ དེ་ཅིག་གི་ས་ཁར་ བདའ་བསྐྱལ་ནུག་ཟེར་ཨིནམ་ད་ སྣུམ་འཁོར་མེ་བཏང་སའི་ཉེ་འདབས་ལུ་ མེ་ཀྲེ་རྫས་ཚུ་ཡང་ མཐོང་ཅི་ཟེར་ཨིན་པས།
ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་འགྱོ་སའི་ ལམ་ཁར་ཡོད་པའི་ སྒོ་ར་ཁའི་སྲུང་རྒྱབ་དེ་ལུ་ མི་ཚུ་ འགྲོ་འགྲུལ་འབད་ས་ མཐོང་དང་མ་མཐོང་གི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ ཁོ་གིས་ ག་ཡང་མ་མཐོངམ་སྦེ་ སླབ་ཡོདཔ་ད་ དེད་གཡོགཔ་ཁོ་ར་གིས་འབད་རུང་ ཁོ་ལུ་ ངལ་མ་རངས་མི་ ག་ཡང་མེད་ཟེར་ སླབ་ཡོདཔ་ཨིན་པས།
སྣུམ་འཁོར་དེ་ དུས་ཅི་ སྤྱི་ཟླ་༥ པ་མཇུག་བསྡུ་ཁམས་ལུ་ གསརཔ་ཉོ་སྒྲུབ་འབད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་ཚུ་ འབད་བའི་བསྒང་ར་ཡོད་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment